ཟླ4ཚེས11ཉིན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་རྒན་པ་ཅུའུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་དུ་སྐབས་བཅུ་གཅིག་པའི་རྒན་གཞོན་གཉིས་ཀྱིས་ལག་གདང་སྦྲེལ་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོ་བསྡུས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མཱ་ཅི་ཞའོ་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད། རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀའོ་རུའུ་ཀྲའོ་དང་། ཀྲུའུ་རིན་གཞོན་པ་ཧན་ཡུས་ཀོས་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་ཨུ་དང་སྲིད་གཞུང་གིས་གཞོན་ནུ་ལོ་ཆུང་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོར་དམིགས་ནས། ནགས་རྩྭ་དང་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་མཉམ་འབྲེལ་བྱས་པ་དང་། རྒྱ་ཆེའི་རྒན་པ་ལྔས་གཞོན་ནུ་ལོ་ཆུང་གི་སྣེ་ཁྲིད་དེ་སྡོང་འཛུགས་ལྗང་གཅེས་དང་ལྗང་སྲུང་གི་ལག་ལེན་སྤེལ་བར་རྩ་འཛུགས་དང་སྐུལ་སློང་བྱས་ལ། འགུལ་སྐྱོད་དངོས་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་གཏོང་འབུལ་བྱས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བརྩི་བ་དང་། གཞོན་ནུ་ལོ་ཆུང་གིས་ལག་གདང་སྦྲེལ་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་ཚོང་རྟགས་ཀྱི་ནང་འགུག་ནུས་པ་དང་ཤན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། རིག་སྟོབས་གཅིག་བསྡུས་དང་བྱེད་ཐབས་གསར་གཏོད། འབད་བརྩོན་ལྷོད་མེད་བྱེད་པ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སེམས་གཏིང་དུ་ལྗང་མདོག་གི་ས་བོན་འདེབས་པ་དང་ལྗང་མདོག་གི་འདུ་ཤེས་བརྟན་འཛུགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་ཆེར་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་གཏོང་འབུལ་བྱེད་དགོས།
བྱ་འགུལ་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སློབ་མ་བརྒྱ་ལ་སློབ་སྦྱོང་གི་ཡོ་ཆས་བྱིན། མཚོ་ཤར་གྲོང་ཁྱེར་དང་ཕིན་ཨན་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་ལས་བཟོ་བ་དང་རྒན་པ་ལྔ། སློབ་མ། ན་གཞོན་དང་བླངས་པའི་འཐུས་ཚབ་བཅས་བསྡོམས་པས་མི་ཉིས་བརྒྱ་ལྷག་སྡོང་འཛུགས་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།