ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་དྲ་རྒྱའི་ཁྲིམས་སྐྱོང་སློབ་རར་བསྐྱོད་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ།
2025.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས1ཉིན་ནས8ཉིན། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་དྲ་རྒྱའི་ཁྲིམས་སྐྱོང་སློབ་རར་བསྐྱོད་པའི་དྲིལ་བསྒྲགས་བྱ་འགུལ་ཏེ་ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་པའོ་ཡོན་སློབ་ཆུང་སོགས་སློབ་ཆུང་ལྔ་ནས་དྲ་རྒྱའི་ཁྲིམས་ཁྱབ་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་དང་དྲ་རྒྱའི་བདེ་འཇགས་འགོག་སྲུང་ནུས་པ་ཆེ་རུ་གཏོང་ཆེད་རེད།

སློབ་ཆུང་སློབ་མའི་ལོ་ཚོད་ཁྱད་ཆོས། ངེས་ཤེས་ཀྱི་ཆུ་ཚད་དང་ཟུང་འབྲེལ་བྱས་ནས། སྒྲོག་འགྲེལ་ཚན་ཆུང་གི་ཁོངས་མིས་གོ་བདེ་བའི་སྐད་ཆས《ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་སྲོལ་ཡིག》གི་ནང་དོན་གཙོ་བོ་གསལ་འགྲེལ་བྱས་པ་མ་ཟད། “མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ”དང“དྲ་རྒྱར་མགོ་འཐོམ་པ།” “དྲ་རྒྱའི་བསླུ་བྲིད་འགོག་སྲུང་།” “དྲ་རྒྱའི་བརྙས་བཅོས་འགོག་པ”སོགས་བརྗོད་བྱ་གཙོ་བོར་དམིགས་ནས། གྱོད་དཔེ་ངོ་མར་བརྟེན་ནས་དྲ་རྒྱའི་བདེ་འཇགས་ལ་གནོད་པའི་མངོན་མེད་ཉེན་ཁར་དབྱེ་ཞིབ་བྱས། དེ་དང་ཆབས་ཅིག སྒྲོག་འགྲེལ་ཚན་ཆུང་གིས་ཕན་ཚུན་ལ་དྲི་བ་དྲིས་ལན་དང་། དྲ་རྒྱའི་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བརྙན་ཐུང་སྟོན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སློབ་གྲོགས་ཚོར་བསམ་ཚུལ་བརྗེ་རེས་བྱས་པས། དྲིལ་སྒྲོག་གི་ནང་དོན་སྔར་ལས་གསོན་ཉམས་ལྡན་པ་དང་སྤྲོ་སྣང་ཡོད་པར་གྱུར། དྲིལ་སྒྲོག་བྱེད་པའི་བརྒྱུད་རིམ་ཁྲོད། སློབ་གྲོགས་ཚོས་ནན་ཏན་གྱིས་ཉན་པ་དང་། ཧུར་ཐག་གིས་བསམ་ཚུལ་བརྗེ་རེས་བྱེད་པའི་བརྒྱུད་རིམ་སོ་སོར་ཟབ་ཞུགས་བྱས་པས། སློབ་ཁྲིད་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པར་གྱུར། སློབ་གྲོགས་ཚོས་བཤད་རྒྱུར། དྲིལ་སྒྲོག་ལ་ཉན་རྗེས། དྲ་རྒྱའི་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་སྔར་ལས་ཟབ་མོར་རྟོགས་པ་དང་། རང་ཉིད་དང་རང་གི་ཆ་འཕྲིན་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ་ཤེས་པས། དྲ་རྒྱར་མགོ་འཐོམ་པ་དང་དྲ་རྒྱའི་བརྙས་བཅོས་ལ་གཡོལ་ཐུབ་ཟེར།

སློབ་གྲྭས་ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། སློབ་ཁྲིད་དེ་ནི་དུས་ཐོག་དང་ཧ་ཅང་གསོན་ཉམས་ལྡན་ལ།   སློབ་གསོའི་ཁྲིད་སྟོན་ནུས་པ་ལྡན་པ་བཅས་ཀྱི་སློབ་ཁྲིད་ཞིག་ཡིན་པས། སློབ་མའི་དྲ་རྒྱའི་བྱང་ཚད་དང་དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་གཏོང་བ། བདེ་འཇགས་སློབ་གྲྭ་འཛུགས་པ། ནར་མ་སོན་པའི་མི་དྲ་རྒྱར་མགོ་འཐོམ་པ་སྔོན་འགོག་སོགས་ཀྱི་ཐད་དོན་སྙིང་ལྡན་པར་འདོད་ཡོད།

ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན།“དྲ་རྒྱའི་ཁྲིམས་སྐྱོང་སློབ་གྲྭར་བསྐྱོད་པ”ནི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ཞིག་ཡིན་པས།    མུ་མཐུད་དུ་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་རྒྱུན་མཐུད་སྒོས་གཞོན་ནུ་ལོ་ཆུང་ལ་དམིགས་པའི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་བྱ་བ་ཆེ་རུ་གཏོང་བ་དང་།  དྲིལ་བསྒྲགས་སློབ་གསོའི་བྱེད་སྟངས་གསར་སྐྲུན་བྱས་ཏེ། དྲ་རྒྱའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།

ཤ་བོ་རིན་མཚོས་བསྒྱུར།