དམག་དཔུང་དང་ས་གནས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་སློབ་རའི་རྒྱལ་ཁབ་བདེ་འཇགས་སློབ་གསོ་སྤེལ།
2025.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཐེངས་བཅུ་ཐོན་ལ་ཉེ་བའི་སྐབས་སུ། བཅིངས་འགྲོལ་དམག་ཟི་ལིང་དམག་དོན་ཞིབ་དཔྱོད་ཁང་གིས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་བྱས་ནས་ཟི་ལིང་གྲོང་ཁྱེར་ཞའོ་ཆོན་སློབ་ཆུང་དང་ཟི་ལིང་གྲོང་ཁྱེར་སློབ་འབྲིང་ཉེར་བརྒྱད་པར་སོང་ནས། རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་བཅའ་ཁྲིམས་ཁྱབ་གདལ་བྱ་འགུལ་སྤེལ།

བྱ་འགུལ་ཁྲོད། དམག་དཔུང་དང་ས་གནས་ཀྱི་ཞིབ་དཔྱོད་ཁང་གིས་གྱོད་དཔེ་འགྲེལ་བཤད་དང་འགྲེམ་པང་འགྲེམ་སྟོན། དྲི་བ་དྲིས་ལན་སོགས་ཀྱི་རྣམ་པ་བརྒྱུད་དེ། དགེ་སློབ་ཚོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་བདེ་འཇགས་བཅའ་ཁྲིམས་ཁྲོད་ཀྱི་ཆབ་སྲིད་བདེ་འཇགས་དང་དམག་དོན་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ནང་དོན་ཉི་ཤུ་ཁྱབ་གདལ་བྱས་པ་མ་ཟད། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་དང་རྩེད་ཞོར་སློབ་གསོ་གཏོང་བ་བརྒྱུད་དེ། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་སྒྲོག་དཔེ་དེབ་བཀྲམས་པ་དང་། ཁྲིམས་སྐྱོང་ཞབས་ཞུའི་རིག་སྐྲུན་ཐོན་རྫས་བྱིན་ནས། རྒྱ་ཆེའི་དགེ་སློབ་ཚོས་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཤེས་བྱར་རྒྱུས་ལོན་བྱེད་དུ་བཅུག

བཅིངས་འགྲོལ་དམག་ཟི་ལིང་དམག་དོན་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། གོ་རིམ་རྗེས་མར་དམག་སྒར་དང་དམག་དོན་བཟོ་ལས་ཁེ་ལས་སོགས་སྡེ་ཁག་ཏུ་སོང་ནས། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སློབ་གསོ་རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་ཐུན་མོང་ལྟ་བ་གཅིག་བསྡུས་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།