མཚོ་སྔོན་གྱི་ཁེ་ལས14ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་སྐབས་ལྔ་པར་ཞུགས།
2025.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

སྒོ་འབྱེད་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། མཛེས་སྡུག་གི་འཚོ་བ་མཉམ་སྐྲུན་བྱེད་པ་བརྗོད་དོན་དུ་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་ཟླ4པའི་ཚེས13ཉིན་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་བསྡུ་མགོ་བརྩམས།

འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུའི་རྒྱལ་ཁབ་རིམ་པའི་འགྲེམ་ཚོགས་སྟེགས་བུ་གལ་ཆེན་འདི་བེད་སྤྱོད་གང་ལེགས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་ཐོན་རྫས་ཀྱི་རྣམ་གྲངས་ཁེ་ལས་རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་རའི་ཁྲོད་འདྲེས་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཕྱི་ནང་གི་ཉོ་ཚོང་གཞི་གཅིག་ཅན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་ཆེད། མཚོ་སྔོན་གྱིས་རྨིད་གྲུ་བཞི་མ200ཡི་འགྲེམ་སྟོན་ཁང་ཇུས་འགོད་འཛུགས་སྐྲུན་བྱས་པ་དང་། རབ་མཛེས་མཚོ་སྔོན་དང་མཐོ་སྒང་གི་ལྷད་མེད་ཐོན་རྫས་བརྗོད་དོན་དུ་བྱས་ཏེ། ཁེ་ལས14ལེགས་འདེམས་བྱས་ནས་སྐམས་ལུག་ཤའི་ཐོན་རྫས་དང་དབྱར་རྩྭ་དགུན་འབུ། ནས་རིགས་ཐོན་རྫས། སྦྲང་རྩིའི་ཐོན་རྫས། འཕང་འབྲས། ལིས་གྲོ།  གླ་སྟར། ནས་ཆང་། གཙགས་དྲུབས་སོགས་ཞིང་ཕྱུགས་ཐོན་རྫས་དང་མི་རིགས་ལག་བཟོའི་སྤུས་ལེགས་འཛད་སྤྱོད་ཐོན་རྫས་ཁྱེར་ནས་འགྲེམ་སྟོན་ལ་ཞུགས་པ་དང་། གཅིག་བསྡུས་སྒོས་མཐོ་སྒང་གི་སྔོ་ཚལ་སིལ་ཏོག་དང་ཁམས་གསོའི་ཐོན་རྫས། གཟུགས་འདས་རིག་གནས་ཀྱི་ཐོན་རྫས་སོགས་རིགས་སྣ་བརྒྱད་ཀྱི་ཐོན་རྫས་བརྒྱ་ཙམ་འགྲེམ་སྟོན་དྲིལ་སྒྲོག་བྱས། དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། མཚོ་སྔོན་གྱི་གཙགས་དྲུབ་རིགས་ཀྱི་ཐོན་རྫས་ཐོག་མར་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུར་ཞུགས་པ་ཡིན་ལ། དེས་མཚོ་སྔོན་གྱི་རིག་གནས་གཞི་རྩ་མངོན་པར་བྱས། བྱ་འགུལ་སྐབས་སུ། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱིས་ཁོངས་བརྒལ་གློག་རྡུལ་ཚོང་སྟེགས་བརྒྱུད་དེ་དྲ་ཐོག་དང་ཡུལ་དངོས་ནས་མཉམ་དུ་འགྲེམ་སྟོན་ཉོ་ཚོང་བྱེད་པ་མངོན་འགྱུར་བྱས།

འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་དེ་ཚོང་དོན་པུའུ་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་བསྡུས་པ་ཡིན་ལ། རྒྱལ་ཁའི་ངང་སྐབས་བཞི་བསྡུས་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བའི་སྤུས་ལེགས་འགྲེམ་སྟོན་ཐོན་རྫས་འགྲེམ་ཚོགས་ཤིག་ཡིན། སྐབས་འདིའི་འཛད་སྤྱོད་ཐོན་རྫས་འགྲེམ་ཚོགས་ཀྱིས་སྒོ་འབྱེད་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། མཛེས་སྡུག་གི་འཚོ་བ་མཉམ་སྐྲུན་བྱེད་པའི་བརྗོད་དོན་རྒྱུན་བསྲིང་བྱས་པ་དང་། འཛམ་གླིང་གི་རྒྱལ་ཁབ་བདུན་ཅུ་ལྷག་དང་ས་ཁུལ་གྱི་ཁེ་ལས་སྟོང་གཅིག་དང་བདུན་བརྒྱ་ལྷག ཚོང་རྟགས་སྟོང་བཞི་དང་བརྒྱ་ལྷག་འགྲེམ་སྟོན་ལ་ཞུགས་པ་དང་། བྱ་འགུལ་དེ་ཚེས་བཅོ་བརྒྱད་ཉིན་བར་སྤེལ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།