ཟླ4བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དང་དོ་དམ་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ4བའི་ཚེས10ཉིན་མཚོ་སྔོན་ཞིང་ཆེན་གྱི་ཐོ་འགོད་བྱས་པའི་ཚོང་ཁང་གི་གྲངས་འབོར་འབུམ་དྲུག་བརྒལ་བ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་དང་བསྡུར་ན་འབུམ་གཅིག་དང་སྟོང་གཉིས་སུམ་བརྒྱ་ལྷག་འཕར་ཡོད་ལ། འཕར་ཚད20.55%ཡིན། ཁེ་ལས་ཀྱི་ཟིན་ཚད་བརྒྱ་ཆའི་གྲངས་གནས་བཞི་འཕར་ཡོད་པ་མ་ཟད། གཞི་ཁྱོན་གྲུབ་ཚུལ་མུ་མཐུད་དུ་ལེགས་བསྒྱུར་བྱས་ཡོད།
ལོ་ལྔའི་འཆར་འགོད་བཅུ་བཞི་བ་ནས་བཟུང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲོམ་རའི་ལྟ་སྐུལ་དང་དོ་དམ་འོས་འགན་ཧུར་ཐག་གིས་སྒྲུབ་སྟེ། རྒྱུན་མཐུད་ངང་ཞབས་ཞུ་བཟང་བོ་དང་། ཁོར་ཡུག་ལེགས་པོ། འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ནས། མཚོ་སྔོན་གྱི་ཚོང་ཁང་དག་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྲ་མཐོང་རྨང་གཞི་སྲ་བརྟན་དུ་བཏང་བ་མ་ཟད། ལས་ཆོད་མཐོ་བ་དང་ལེགས་པར་སྒྲུབ་པ་དམིགས་འབེན་དུ་བཟུང་ནས། ཚོང་ཁང་གི་སྒོ་འབྱེད་དང་བརྗེ་སྤོར། སྤོ་བསྣུར། ཐོ་ཁུངས་ནས་བསུབ་པ་བཅས་ཐོ་འགོད་ལས་རིགས་ཀྱི་རྨང་གཞིར་བཟུང་བ་དང་། སྤྱི་ཚོགས་འགན་སྲུང་དང་། ཁྲལ་དོན། སྤྱི་གསོག་དངུལ། དངུལ་ཁང་གི་རྩིས་ཐོ་སོགས་ཀྱི་ལས་སྒོ་བསྒྲུབ་ནས། ཕྱོགས་ཡོངས་ནས་ལས་ཆོད་ཆེ་བ་དང་བརྗེ་སོར་སྟབས་བདེ་བ། སྤོ་སྣུར་ལ་གེགས་རྒྱ་མེད་པ། ཐོ་ཁུངས་ནས་བསུབ་པར་གོ་རིམ་ཡོད་པ་བཅས་ཀྱི་ཚོང་ཁང་ཞབས་ཞུའི་མ་ལག་བསྐྲུན་ཡོད་པས། ཚོང་ཁང་གི་སྲིད་དོན་ཞབས་ཞུའི་སྤུས་ནུས་མཐོར་འདེགས་བཏང་ཡོད།
སྒེར་གཉེར་ཚོང་ཁང་གི་རིམ་པ་གསུམ་གྱི་འཕེལ་རྒྱས་རོགས་སྐྱོར་མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་གཏོང་བར་སྐུལ་འདེད་བཏང་བ་དང་། སྒེར་གཉེར་ཚོང་ཁང་གི་རྒྱུན་རྣམ་ཅན་གྱི་འབྲེལ་འདྲེས་རྐྱེན་སྲོལ་འཛུགས་པ་དང་། སྒེར་གཉེར་ཚོང་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྒེར་གཉེར་ཚོང་ཁང་ཁེ་ལས་ཀྱི་རྣམ་པར་བསྒྱུར་བར་བྱེད་ཐབས་སྣ་ཚོགས་བཏོན་པ་མ་ཟད། སྒེར་གཉེར་ཚོང་ཁང་གི་ཞབས་ཞུའི་ཟླ་བ་ཞེས་པའི་བྱ་འགུལ་སྤེལ་བ་དང་། སྒེར་གཉེར་ཚོང་ཁང་གི་རིགས་དབྱེ་ནས་གནད་ཁེལ་ཞབས་ཞུ་གོ་རིམ་ལྡན་པའི་ངང་སྤེལ་ལ། སྒེར་གཉེར་ཚོང་ཁང283ཁེ་ལས་ཀྱི་རྣམ་པར་བསྒྱུར་བ་དང་། སྒེར་གཉེར་ཚོང་ཁང281དེ་ཁྱད་ཆོས་ལྡན་པའི་སྒེར་གཉེར་ཚོང་ཁང་དུ་ངེས་འཛིན་བྱས་ཡོད།
དེ་དང་ཆབས་ཅིག སྟོབས་ཤུགས་གཅིག་བསྡུས་སྒོས་ཚོང་ཁང་གི་འཕེལ་རྒྱས་དང་སྤུས་ཚད་མཐོར་འདེགས་བཏང་བ་མ་ཟད། ཚོང་ཁང་གི་གཞི་ཁྱོན་གྲུབ་ཚུལ་དང་། ལུགས་མཐུན་ཚོང་གཉེར། འགྲན་རྩོད་ནུས་པ། དཔལ་འབྱོར་ཕན་ནུས། སྤྱི་ཚོགས་འགན་འཁྲི་སོགས་ཕྱོགས་མི་འདྲ་བ་དྲུག་གཞིར་བཟུང་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས25དང་མཉམ་འབྲེལ་སྒོས་ཚོང་ཁང་གི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་འགུལ་སྤེལ་ཏེ། སྲིད་ཇུས་མ་ལག་འཐུས་ཚང་གཏོང་བ་དང་དམིགས་འབེན་གསལ་བའི་སྒོ་ནས་ནུས་ཤུགས་འདོན་པ། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་འཕེལ་རྒྱས་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས་ཡོད།
དེར་མ་ཟད། ཁྲོམ་རའི་གཞི་རྩ་སྲ་བརྟན་གཏོང་བ་དང་ཚོང་གཉེར་འགྲན་རྩོད་དྲང་བདེན་ཡིན་པའི་ཁོར་ཡུག་བསྐྲུན་པ། ཤེས་བྱའི་བདག་དབང་དང་གསར་གཏོད་བཀོལ་སྤྱོད་ལ་སྲུང་སྐྱོབ་ཡོད་པ། སྤུས་ཚད་འཕེལ་རྒྱས་དང་འདེགས་སྐྱོར་སྣེ་ཁྲིད་བྱེད་པ། ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནུས་པ་མཐོར་འདེགས་གཏོང་བ། ཞབས་ཞུའི་ལེགས་བསྒྱུར་དང་འཕེལ་རྒྱས་ཀྱི་བྱེད་ཐབས་བཅས་ཕྱོགས་དྲུག་གི་ནང་དོན་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དང་དོ་དམ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་ཐབས23གཏན་ཁེལ་བྱས་པ་དང་། ཤུགས་ཆེན་པོས་རྨང་གཞི་སྲ་བརྟན་དང་ཞན་ཆ་གསབ་པ། དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་པ། ཞབས་ཞུ་ལེགས་བསྒྱུར་བྱེད་པ་བཅས་བྱས་ཏེ། ཚོང་ཁང་གི་བདེ་ཐང་འཕེལ་རྒྱས་ཐད་ཆ་རྐྱེན་བཟང་བོ་འདོན་སྤྲོད་བྱས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།