ཟླ4པའི་ཚེས15ཉིན། ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་དམངས་སྲིད་ཐིན་དང་མཉམ་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཞབས་ཞུའི་ལས་ཁུངས་ཀྱི་མེ་འགོག་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་སྤེལ་ནས། གཙོ་བོར་རྒན་གསོ་ཁང་དང་ཕན་བདེ་ཁང་སོགས་ཡུལ་གནས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་ཉེན་ཁར་བཅོས་སྐྱོང་བྱས།
ཞིབ་བཤེར་ཚན་ཆུང་གིས་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་རྣམ་པ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་རྒན་གསོ་དང་བྱིས་པའི་ཕན་བདེ། དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་སོགས་སྡེ་ཁག་ལ་ཕྱོགས་ཡོངས་ནས་རིམ་བཤེར་བྱས་པ་དང་། ཁྲིམས་འགལ་མེ་བཀོལ་གློག་སྤྱོད་དང་མེ་འགོག་སྒྲིག་ཆས་སྐྱོན་ཤོར། བདེ་འཇགས་བགྲོད་ལམ་འཚང་བཅད་སོགས་ཀྱི་གནད་དོན་གཙོར་བཟུང་ནས་ཞིབ་བཤེར་བྱས། རྙེད་པའི་གནད་དོན་ལ་ཁ་གཏད་དེ། ལས་ཁུངས་གཅིག་ལ་གསལ་ཕྲ་གཅིག་གི་རྩ་དོན་ལྟར། མེ་འགོག་མེ་གསོད་ལས་ཁུངས་ཀྱིས་ཉེན་ཁའི་གསལ་ཕྲ་བཀོད་པ་དང་། དམངས་སྲིད་ལས་ཁུངས་ཀྱིས་དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་དང་མ་དངུལ། བྱེད་ཐབས། དུས་བཀག་དང་སྔོན་བཀོད་ཇུས་གཞི་བཅས་ཀྱི་ལག་བསྟར་ལྔ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། ཉེན་ཁ་ཆེན་པོ་དེ་རྒྱལ་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་ཆ་འཕྲིན་མ་ལག་ནང་འཇུག་པ་མ་ཟད་འགུལ་རྣམ་ལྟ་སྐུལ་དང་དོ་དམ་བྱེད་རྒྱུ་རེད།
ཆེད་དོན་ཞིབ་བཤེར་སྐབས་སུ། མེ་འགོག་མེ་གསོད་སྡེ་ཁག་གིས་ལས་ཁུངས་ཀྱི་འགན་ཁུར་མི་སྣའི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། མེ་་འགོག་བདེ་འཇགས་ཐད་ཀྱི་རང་བཤེར་སྤེལ་བར་མཛུབ་སྟོན་བྱས་ལ། འཚོ་བའི་ཁུལ་དང་སྨན་བཅོས་ཁུལ་སོགས་གནད་འགག་ཡུལ་གནས་གཙོར་བཟུང་ནས་རིམ་བཤེར་བྱས། དེ་དང་མཉམ་དུ་མེ་འགོག་བདེ་འཇགས་གསོ་སྦྱོང་རྩ་འཛུགས་བྱས་ནས། ལས་ཞུགས་མི་སྣའི་དོ་དམ་ནུས་པ་མཐོར་འདེགས་བཏང་། དྲིལ་སྒྲོག་ཁྲིམས་བསྟར་ལས་ཁུངས་སུ་བསྐྱོད་པའི་རྣམ་པ་སྤྱད་དེ། ལས་ཁུངས་ཀྱི་འགན་ཁུར་མི་སྣར་མེ་འགོག་མེ་གསོད་ཤེས་བྱ་ཁྱབ་གདལ་བྱས་ནས། བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་།
ཞིང་ཆེན་མེ་འགོག་མེ་གསོད་སྲོག་སྐྱོབ་སྤྱིའི་རུ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣས། དམངས་སྲིད་ཞབས་ཞུའི་ལས་ཁུངས་ཀྱི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། དུས་བཀག་ལྟར་ཞིབ་བཤེར་བྱས་ནས། ཉེན་ཁ་བྱུར་རྐྱེན་དག་ཐེར་ལེགས་བཅོས་བཟང་བོ་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན། སྡེ་ཁག་གིས་མེ་འགོག་མེ་གསོད་སྒྲིག་ཆས་ཉམས་གསོ་དང་གློག་ཤུགས་སྐུད་ལམ་ཞིབ་བཤེར་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་བ་དང་། མཚན་མོའི་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞབས་ཞུ་བྱེད་ཡུལ་ལ་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།