དུས་ཚིགས་དང་པོར་མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་གཅིག་དང་སྟོང་དྲུག་དགུ་བརྒྱ་ཇེ་མང་དུ་སོང་།
2025.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་ཞུགས་གཙོར་འཛིན་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། འགོ་ཁྲིད་ཀྱིས་དངོང་སུ་བཀོད་སྒྲིག་བྱས་ནས། གཞི་གཅིག་ཏུ་ལས་ཞུགས་སྲིད་ལག་བསྟར་བྱེད་པ་དང་ལས་ཞུགས་ཞབས་ཞུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་དང་། སྟོབས་ཤུགས་ཡོད་རྒུས་ཁེ་ལས་གཙོ་བོའི་མི་བཀོལ་དང་ངལ་རྩོལ་པ་ཕྱིར་ལས་རྐང་དུལོག་ནས་ལས་ཞུགས་བྱེད་པར་འགན་སྲུང་བྱས། 2025ལོའི་དུས་ཚིགས་དང་པོའི་དུས་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི་གཅིག་དང་སྟོང་དྲུག་དགུ་བརྒྱ་ཇེ་མང་དུ་སོང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་འབུམ་གསུམ་དང་ཁྲི་བདུན་ལྷག་གིས་ལས་ཀ་བསྒྱུར་ནས་ལས་ཞུགས་བྱས་ལ། དེ་དུས་མཉམ་དང་བསྡུར་ན་སོ་སོར་བརྒྱ་ཆའི་དྲུག་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་བཅུ་བཞི་ཇེ་མང་དུ་སོང་ཡོད་པ་དང་། མཚོ་སྔོན་གྱི་དུས་ཚིགས་དང་པོའི་ལས་ཞུགས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ།

སྤུས་ཚད་མཐོ་བ་དང་གང་ལེགས་སྒོས་ལས་ཞུགས་བྱེད་པའི་བྱ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཡོངས་ཀྱིས་ལས་ཞུགས་ཀྱི་དམིགས་ཚད་གཙོ་བོ་བགོ་བཤའ་དང་གཏན་ཁེལ་གསལ་བོ་བྱས་པ་དང་། ཐོན་ལས་ལས་གཞི་གཙོ་བོས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པས་ལས་ཀ་བསྒྱུར་ནས་ལས་ཞུགས་བྱེད་པ་སོགས་བྱ་བ་བཅུ་གསུམ་གྱི་ལས་འགན་གཙོ་བོ་ཇེ་ཞིབ་ཏུ་བཏང་། ཀྲེ་ཅང་དང་ཧྥུའུ་ཅན། ཧྲན་ཏུང་སོགས་ཞིང་ཆེན་བར་དུ་ངལ་རྩོལ་རོགས་ལས་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས་བརྗེ་རེས་བྱས་པ་དང་། ཧྥུའུ་ཅན་དང་ཞིང་ཆེན་བར་གྱི་རོགས་ལས་གྲོས་མཐུན་བཀོད་དེ། རྒྱུན་རྣམ་ཅན་གྱི་ངལ་རྩོལ་པ་ཕྱིར་གཏོང་བའི་རྐྱེན་སྲོལ་བཙུགས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་བ་དང་འཕེལ་རྒྱས་ལ་སྐུལ་བ། མཐུན་སྒྲིལ་ལ་སྐུལ་བའི་ཚོང་འགུག་དངུལ་འདྲེན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་། ཉི་འོད་ནུས་པ་སོགས་ཀྱི་ནུས་ཁུངས་གསར་བའི་ཁེ་ལས་ཀྱིས་ལས་ཞུགས་ལ་ཁྲིད་སྐུལ་བྱེད་པའི་ཐད་ཀྱི་ཆེད་དོན་རྟོག་ཞིབ་སྤེལ་ནས། ཐོན་ལས་ལས་ཞུགས་ཀྱི་རྨང་གཞི་མཐིལ་རྟོགས་བྱས་པ་དང་། ལྗང་མདོག་རྩིས་ནུས་ཀྱི་ཁེ་ལས་ཉེར་དྲུག་དང་ཉི་འོད་ནུས་པའི་ནུས་ཁུངས་གསར་བ་སོགས་ཁེ་ལས་གཙོ་བོའི་མི་བཀོལ་ལས་རྐང་སྟོང་བདུན་དང་དགུ་བརྒྱ་ཞེ་དྲུག་གི་དགོས་མཁོར་དབྱེ་ཞིབ་བྱས་ཏེ། ཞབས་ཞུ་འགན་སྲུང་གི་གསལ་ཕྲ་གྲུབ་པར་བྱས། མིག་སྔར། ཁེ་ལས་གཙོ་བོའི་ལས་མི་སྟོང་གསུམ་དང་སོ་གསུམ་འགན་སྲུང་བྱས་ནས། ཐོན་ལས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱས།

དེ་དང་མཉམ་དུ། གཙོ་གནད་མི་ཚོགས་གཞིར་བཟུང་ནས། སློབ་མཐར་ཕྱིན་ཡང་ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དངོས་མིང་ཞབས་ཞུའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། ཞིང་ཆེན་སློབ་གསོ་ཐིན་དང་མཐོ་རིམ་སློབ་གྲྭ་སོ་སོ་དང་མཉམ་འབྲེལ་བྱས་ནས་སྔོན་དུ་སློབ་རའི་མི་བསྡུ་བྱ་འགུལ་སྤེལ་ནས། ཐབས་ལམ་སྣ་མང་སྤྱད་དེ་མཐར་ཕྱིན་སློབ་མ་ཚོགས་སྒྲིག་ནས་ཕྱིར་ལས་ཞུགས་བྱེད་དུ་འགྲོ་བར་སྐུལ་འདེད་བཏང་། ལུགས་རྙིང་ལོ་གསར་གྱི་སྔ་ནུབ་ཏུ་ཞིང་བ་ཞོར་ལས་པ་ཕྱིར་ཕ་ཡུལ་ལ་ལོག་པ་དང་ལས་རྐང་དུ་ལོག་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པའི་བྱ་བ་སྤེལ་བ་དང་། འདྲེན་སྐྱེལ་ཞབས་ཞུ་བཟང་བོར་བསྒྲུབས་ལ། དེའི་སྐབས་སུ། ཞིང་བ་ཞོར་ལས་པ་ཁྲི་བདུན་དང་སྟོང་དྲུག་དགུ་བརྒྱས་ལས་བསྒྱུར་ལས་ཞུགས་མངོན་འགྱུར་བྱས། དཀའ་ཁག་ཡོད་པའི་མི་ཚོགས་ལ་རིགས་བགོས་ནས་རོགས་སྐྱོར་བྱེད་པར་ཤུགས་བསྣན་པ་དང་། ལས་ཤོར་མི་སྣར་ལས་ཤོར་ཐོ་འགོད་དང་ལས་རིགས་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། ད་རག་བར་དུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་སྟོང་དྲུག་དང་དགུ་བརྒྱ་བཅུ་དགུ་དང་ལས་ཞུགས་བྱེད་དཀའ་བའི་མི་སྣ་སྟོང་གཉིས་དང་བཞི་བརྒྱ་གོ་བརྒྱད་ཀྱིས་ལས་ཞུགས་མངོན་འགྱུར་བྱས།

ཐབས་མང་མཉམ་སྤྱོད་བྱས་ནས། སྤྱི་ཐུན་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས། རྩལ་ནུས་ལ་བརྟེན་ནས་མདུན་ལམ་གསར་བར་འབྱེད་པའི་གསོ་སྦྱོང་འགུལ་སྐྱོད་སྤེལ་བ་དང་། མི་ཁྲི་གཉིས་དང་སྟོང་བདུན་ལ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ། མི་ཚོགས་གཙོ་བོའི་ལས་ཞུགས་ནུས་པ་སྔར་ལས་མཐོར་འདེགས་བཏང་། ཁེ་ལས་ལ་རོགས་བྱེད་པ་དང་ལས་རྐང་བརྟན་འཇགས་སུ་གཏོང་ཤུགས་ཆེར་སྐྱེད་དེ། དུས་ཚིགས་དང་པོར་འགན་སྲུང་ཁྲོད་ཞུགས་པའི་ཁྱིམ་ཚང་ཁྲི་གསུམ་དང་སྟོང་གཉིས་དྲུག་བརྒྱའི་གྲོན་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཉིས་བཅག་སྟེ་ཁུར་བོ་ཇེ་ཡང་དུ་བཏང་། ཞིང་ལས་ཞིང་སྡེ་དང་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི། བཟོ་ཚོགས། སློབ་གསོ་སོགས་སྡེ་ཁག་དང་མཉམ་དུ། དཔྱིད་རླུང་འགུལ་སྐྱོད་དང་2025ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱིས་མཉམ་འབྲེལ་སྒོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བའི་དཔྱིད་དུས་ཀྱི་བྱ་འགུལ་སྤེལ་ནས། བསྡོམས་པས་རིགས་མི་འདྲ་བའི་ཆེད་དོན་མི་བསྡུ་ཚོགས་འདུ་ཐེངས་བརྒྱ་དང་སུམ་ཅུ་ལྷག་བསྡུས་པ་དང་། མི་བཀོལ་ལས་རྐང་ཆ་འཕྲིན་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གསུམ་ཁྱབ་བསྒྲགས་བྱས།

རིན་ཆེན་མཚོས་བསྒྱུར།