མཚོ་སྔོན་གྱིས་སྐོར་ཁག་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་རྟེན་གཞི་བཙུགས།
2025.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐོར་ཁག་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་རྟེན་གཞི་བཙུགས་པ་དང་། སྡེ་ཁག་ང་གསུམ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཚན་རིག་སློབ་གསོའི་ལག་ལེན་སྟེགས་བུ་ཡིན་པའི་ཆ་ནས། མཉམ་དུ་མི་གསོ་སྐྱོང་བྱེད་པའི་རྣམ་པ་གསར་བ་བཙུགས་པ་དང་། ཚན་རིག་སློབ་གསོའི་སྒུལ་ནུས་གསར་བ་ཆེར་བསྐྱེད།

ཐེངས་འདིར་བདམས་ཐོན་བྱུང་བའི་སྡེ་ཁག་ཁྲོད་རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ། དེང་རབས་ཞིང་ཕྱུགས་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་མང་པོ་འདུ་ལ། ཞིང་ཆེན་རིམ་པའི་ཚན་རྩལ་ཁང་དང་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་། དེང་རབས་ཞིང་ལས་དཔེ་སྟོན་ར་བ། སྐྱེ་ཁམས་སྲུང་སྐྱོབ་ཁུལ་ལག་ལེན་ལྟེ་གནས་སོགས་རིགས་སྣ་མང་པོ་ནང་དུ་འདུ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁེབས་ཤིང་བསླབ་ཚན་བསྣོལ་འདྲེས་ཀྱི་ལག་ལེན་དྲ་རྒྱ་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་སྔོན་གྲལ་ཚན་རྩལ་ལ་རྒྱུས་ལོན་བྱེད་པ་དང་རང་བྱུང་ཁམས་ཀྱི་གསང་བ་ཤེར་ཚོར་བྱེད་པའི་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས།

ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་རང་འགུལ་གྱིས་རང་གི་ཁུལ་ཁོངས་ནང་གི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས། སྤྱི་གླིང་། རྟེན་མཛོད་ཁང་། ཐོན་ལས་དཔེ་སྟོན་ར་བ་སོགས་ཚན་རིག་ལག་ལེན་གྱི་བྱེད་ནུས་ལྡན་པའི་སྡེ་ཁག་དང་འབྲེལ་མཐུད་བྱས་པ་དང་། བརྗེ་རེས་ཀྱི་སྟེགས་བུ་བཙུགས་ལ། རང་ས་ཆའི་ཚན་རིག་སློབ་གསོའི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་བཅད་དེ། སློབ་གྲྭ་ཆུང་འབྲིང་གི་སློབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་བྱེད་སྒོའི་ཐད་ཐབས་ལམ་འདོན་སྤྲོད་བྱས།

སློབ་གྲྭ་ཆུང་འབྲིང་སོ་སོས་སློབ་སྒྲུབ་ཁྱད་ཆོས་དང་སློབ་མའི་དགོས་མཁོ་ལ་ཟུང་འབྲེལ་བྱས་ཏེ། ཉུང་མཐར་ཡང་རྟེན་གཞི་གཅིག་བདམས་ནས་མཉམ་ལས་ཀྱི་གྲོས་མཐུན་བཀོད་པ་དང་། ཚན་དང་ལྡན་པའི་སྒོ་ནས་སློབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ནས། སློབ་གྲྭ་ཆུང་འབྲིང་གི་ཚན་རིག་སློབ་གསོའི་བྱ་བའི་ཕན་འབྲས་སྔར་ལས་ཇེ་མཐོར་བཏང་། སྐོར་ཁག་དང་པོའི་སློབ་གྲྭ་ཆུང་འབྲིང་གི་ཚན་རིག་སློབ་གསོའི་ལག་ལེན་རྟེན་གཞི་ངོས་མཐའ་གཅིག་ཏུ་འཛིན་རྒྱུ་ནི། རང་ཞིང་གིས་ཚན་རིག་སློབ་གསོའི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་གནད་འགག་གི་བྱེད་ཐབས་ཡིན་པ་དང་། སློབ་གྲྭ་ཕྱི་ནང་གི་མཉམ་ལས་དང་གླིང་སློབ་ཟུང་འབྲེལ་བྱས་པ་བརྒྱུད་དེ། ཁོངས་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་དང་བརྒྱུད་རིམ་ཧྲིལ་བོའི་ལག་ལེན། མི་ཡོངས་ཟབ་ཞུགས་ཀྱི་ཚན་རིག་སློབ་གསོའི་སྐྱེ་ཁམས་གསར་བ་གྲུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།