ཟླ4ཚེས18ཉིན། རྒྱལ་ཁབ་ཁྲལ་དོན་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། ནུབ་རྒྱུད་གཏེར་ལས་མ་རྐང་ཚད་ཡོད་ཀུང་སིའི་ཞི་ཐེ་ཧྲན་ཡན་ལག་ཀུང་སིས་ལྗང་མདོག་འཕེལ་རྒྱས་ཀྱི་འབོད་སྐུལ་བཏང་སྟེ། ཁོར་སྲུང་འདུ་ཤེས་རྒྱུན་མཐུད་ངང་མཐོར་འདེགས་བཏང་ཞིང་། ཁོར་སྲུང་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་གསར་སྒྱུར་སྟེང་ཤུགས་འདོན་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ལ། གསར་སྤེལ་དང་གཏེར་འདེམ་གྱི་བརྒྱུད་རིམ་ལེགས་སྒྱུར་བྱས་པ་བརྒྱུད། ཀུང་སིའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། 2025ལོ་ནས་ད་ལྟའི་བར་དུ། ཀུང་སིས་ཐོན་ཁུངས་ཐད་ཀྱི་སྒོར་ས་ཡ་དྲུག་འབུམ་བརྒྱད་ཁྲི་གཉིས་དང་སྟོང་གསུམ་བཞི་བརྒྱའི་ཁྲལ་དངུལ་ཇེ་ཉུང་དུ་བཏང་ཟེར། དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་ཁྲལ་དང་། རྨོ་ཞིང་བེད་སྤྱོད་ཁྲལ་བསྡུ་སོགས་ལྗང་མདོག་ཁྲལ་བསྡུའི་རིགས་སྣ་བཞི་ལས་བསྡོམས་པས་སྒོར་ཐེར་ཆེན་གཅིག་བྱེ་བ་གཅིག་ས་ཡ་བརྒྱད་མཛོད་དུ་བཅུག་པ་དང་། ཁྲལ་བསྡུའི་ལྗང་མདོག་སྐུལ་ཁྲིད་ལ་བརྟེན་ནས་མཐོ་སྒང་གི་དཔལ་འབྱོར་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་ནུས་པ་ཐོན་བཞིན་ཡོད་ཟེར།
མཚོ་སྔོན་ཁྲལ་དོན་གྱིས་ལྗང་མདོག་ཁྲལ་བསྡུའི་ཁྲིམས་སྲོལ་ལག་བསྟར་བྱས་པ་དང་། ཁེ་ལས་ཀྱི་སྣེ་ཁྲིད་དེ་སྦགས་བཙོག་ཕྱིར་གཏོང་ཇེ་ཉུང་དང་། ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་ཤིང་། འཁོར་སྐྱོད་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་བཏང་། དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱི་ཁྲལ་བསྡུ་ཕལ་བའི་ཁྱིམ་ཚང་ང་དྲུག་གིས་ཚད་གཞི་དམའ་བའི་ཕྱིར་གཏོང་བྱས་པར་བརྟེན་ཁོར་སྲུང་ཁྲལ་བསྡུ་ལས་སྒོར་ས་ཡ་གཅིག་འབུམ་དྲུག་ཁྲི་གཉིས་ལྷག་གི་ཁེ་ཕན་ལོངས་སུ་སྤྱད་པ་དང་། ཁྲལ་བསྡུ་ཕལ་བའི་ཁྱིམ་ཚང172གྱིས་གཏེར་འདོན་དང་། གཏེར་ལས་མཇུག་བསྡུ་སོགས་ཀྱི་ཐོན་ཁུངས་ཁྲལ་བསྡུའི་སྒོར་བྱེ་བ་གཉིས་ས་ཡ་དགུ་འབུམ་གཉིས་ཁྲི་གཅིག་ལྷག་གི་ཁེ་ཕན་ལོངས་སུ་སྤྱད་ཅིང་། ཁྲལ་བསྡུ་ཕལ་བའི་ཁྱིམ་ཚང21གིས་རྨོ་ཞིང་བེད་སྤྱོད་ཁྲལ་བསྡུའི་ཁེ་ཕན་སྒོར་བྱེ་བ་གཅིག་ས་ཡ་བརྒྱད་འབུམ་གསུམ་ཁྲི་ལྔ་དང་སྟོང་དགུ་ལྔ་བརྒྱ་ལོངས་སུ་སྤྱད་པ་དང་། རླངས་འཁོར་ཁྲི་གཉིས་དང་སྟོང་གཉིས་ཙམ་གྱིས་ནུས་ཁུངས་ཟད་གྲོན་དང་ནུས་ཁུངས་གསར་བའི་རླངས་འཁོར་གྱི་རླངས་འཁོར་དང་གྲུའི་ཁྲལ་བསྡུ་ལས་སྒོར་ས་ཡ་བཞི་འབུམ་ལྔ་ལྷག་གི་ཁེ་བཟང་མྱོང་ཐུབ་པར་གྱུར། དུས་མཉམ་དུ། མཚོ་སྔོན་ཁྲལ་དོན་གྱིས་ཁྲལ་མཇལ་མཁན་ལྟེ་བར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུ་དོ་དམ་མུ་མཐུད་གསར་གཏོད་དང་། དྲ་ཐོག་ཁྲལ་སྒྲུབ་བྱེད་ནུས་ཤུགས་དྲག་ཏུ་བཏང་ཞིང་། རྒྱུ་ནོར་དང་སྤྱོད་སྒོའི་ཁྲལ་བསྡུའི་མཉམ་སྡེབ་སྙན་ཞུ་དང་། རླངས་འཁོར་དང་གྲུའི་དཔྱ་ཁྲལ་ཚབ་བསྡུ་ཚབ་སྤྲོད་མཉམ་དུ་རེ་ཞུ་ཐུབ་པ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་དུ་བཏང་བ་བརྒྱུད། ཁྲལ་མཇལ་མཁན་གྱི་ཁུར་བོ་ནུས་ལྡན་སྒོས་ཇེ་ཡང་དུ་བཏང་།
མཚོ་སྔོན་ཁྲལ་དོན་ཅུའུ་ཡིས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་ཚུལ་ལ་དཔེ་ལྟོས་དང་། སྡེ་ཁག་མང་པོ་དང་མཉམ་དུ་ལྗང་མདོག་ཁྲལ་བསྡུའི་མཉམ་བཅོས་ཀྱི་རྣམ་པ་གསར་བ་བཙུགས། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་དང་ཁོར་སྲུང་ཁྲལ་བསྡུའི་དོ་དམ་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཏེ། ཁྲལ་འདུས་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་གསར་འཛུགས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གི་སྦགས་བཙོག་དངོས་པོ་ཕྱིར་གཏོང་བའི་གཞི་གྲངས་བེད་སྤྱད་ནས་ཁྲལ་བསྡུའི་ཉེན་ཁ་དང་། བསྡུ་འགོག་འཐུས་ཤོར་དུ་འགྲོ་བར་འགོག་སྡོམ་ནན་མོ་བྱས། དུས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་ལ་ཁྲལ་འདུས་ཆ་འཕྲིན་འདོན་སྤྲོད་བྱས་ཏེ། སྦགས་བཙོག་གི་འབྱུང་རྩ་དོ་དམ་ལེགས་བཅོས་ཐུབ་པར་འདེགས་སྐྱོར་འདོན་སྤྲོད་བྱས། རང་བྱུང་ཐོན་ཁུངས་དང་། ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་བར་རྨོ་ཞིང་བེད་སྤྱོད་ཐད་ཀྱི་ཁྲལ་འདུས་ཆ་འཕྲིན་མཉམ་སྤྱོད་དང་གཞོགས་འདེགས་རྐྱེན་སྲོལ་བཙུགས་ཏེ། མགོ་ཁུངས་འགོག་སྡོམ་ལ་ཤུགས་བསྣན། དངུལ་རྩ་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཁོངས་གཏོགས་ཡིན་པའི་རླངས་འཁོར་ཉེན་སྲུང་སྟེགས་བུའི་བར་དུ་རླངས་འཁོར་དང་གྲུའི་ཁྲལ་བསྡུའི་དྲ་རྒྱ་བཙུགས་ཤིང་། ཁྲལ་བསྡུའི་ཉེན་སྲུང་མཉམ་འབྲེལ་དྲ་བ་དང་། མཉམ་སྒུལ་ཉིང་རྡུལ་ཁྲལ་བསྡུ། ཁྲལ་བསྡུའི་གསལ་ཐོ་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱད་ནས། ཟད་གྲོན་ཚད་ལྡན་དང་ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཁྲལ་བསྡུ་ཇེ་ཉུང་དུ་གཏོང་བ་སོགས་རླངས་འཁོར་དང་གྲུའི་ཁྲལ་བསྡུའི་སྲིད་ཇུས་ལག་བསྟར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།