མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཉེ་ལམ་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ལོ་མགོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་བཟོ་འཕྲིན་མ་ལག་གིས་མགོ་བརྩམས་མ་ཐག་ཕུ་ཐག་གཅོད་པ་དང་། མགོ་བརྩམས་མ་ལག་མཆོང་རྒྱུག་བྱེད་པའི་བྱ་བའི་རྣམ་འགྱུར་ལ་བརྟེན་ནས། གཙོ་གནད་ཁེ་ལས་ཀྱི་ལས་ཐོན་སླར་གསོའི་མཁྲེགས་གཏོར་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས666གི་ཁྲོད་དུ་ཁེ་ལས589གིས་རྒྱུན་ལྡན་ངང་་ཐོན་སྐྱེད་བྱེད་ཀྱིན་ཡོད་པ་དང་། ལས་གསོ་བྱེད་ཚད་བརྒྱ་ཆའི་གྱ་བརྒྱད་ལྷག་ལ་སླེབས་ནས། ལོ་ཧྲིལ་བོའི་བཟོ་ལས་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས།
ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་མཉམ་དུ་ཤུགས་འདོན་བྱེད་པ་དང་། གཅིག་འདོམས་བཀོད་གཏོང་ལ་ཤུགས་བསྣན་ནས། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་མཉམ་འབྲེལ་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། དུས་བཀག་ལྟར་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། དུས་ཐོག་ཏུ་མཐུན་སྦྱོར་ངང་ཁུལ་ཁོངས་བརྒལ་བ་དང་སྡེ་ཁག་བརྒལ་བའི་གནད་དོན་ཐག་བཅད། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་བསྣན་པ་དང་། ས་ཞིང་དང་མ་དངུལ། ངལ་རྩོལ་པ། ནུས་ཁུངས་སོགས་ཕྱོགས་མང་པོ་ལ་རྐང་བཙུགས་ནས། ཁེ་ལས་ཀྱི་ལས་ཐོན་སླར་གསོའི་ཐད་མཁོ་བའི་ཐོན་ཁུངས་འདོན་སྤྲོད་བཟང་བོ་བྱེད་པར་ཁག་ཐེག་བྱས། རྗེས་འདེད་ཞབས་ཞུ་ལ་ཤུགས་སྣོན་པ་དང་། ལས་གཞི་ཞབས་ཞུའི་རྩིས་ཐོ་བཙུགས་ལ། ལས་གཞིའི་གྲོས་མཐུན་འགོད་པ་ནས་འཁོར་རྒྱུག་ཐོན་སྐྱེད་བྱེད་པའི་གོ་རིམ་ཧྲིལ་བོར་རྗེས་འདེད་ཞབས་ཞུ་བྱས་ཏེ། དུས་ཐོག་ཏུ་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ཐག་བཅད།
ཟི་ལིང་གི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་བྱེད་ཚད་བརྒྱ་ཆའི་གོ་དྲུག་ལས་བརྒལ་བ་དང་། གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཞི་གྲངས་ཆེན་པོའིལྟ་ཞིབ་དང་དུས་བསྟུད་དབྱེ་ཞིབ་བྱས་པ་བརྒྱུད་དེ། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ཁྲོད་ཀྱི་དུས་རིམ་སོ་སོར་ཚོད་འཛིན་གནད་ལ་འཁེལ་བ་བྱས་པ་དང་། གནད་དོན་དུས་ཐོག་འཚོལ་རྙེད་ཐག་གཅོད་བྱས། དེ་དང་མཉམ་དུ། ཁེ་ལས་སུ་སྲིད་ཇུས་དང་ཞབས་ཞུ། རྒྱུ་རྐྱེན་གཙོ་བོ་སྐྱེལ་བ་དང་ལས་གཞི་ནང་འདྲེན་བྱེད་པའི་བྱ་འགུལ་ཤུགས་ཆེར་སྤེལ། རིམ་གསུམ་སྦྲེལ་གནས་ཀྱི་རྐྱེན་སྲོལ་ཟབ་སྒྱུར་བྱས་པ་དང་། རིམ་པ་བཞིན་ཁེ་ལས་དང་འབྲེལ་མཐུད་བྱས་ཤིང་། དུས་བཀག་ལྟར་འཚམས་འདྲི་བྱས་ནས། དུས་ཐོག་ཏུ་ཁེ་ལས་ཀྱི་ལས་ཐོན་སླར་གསོའི་ཁྲོད་ཐུག་པའི་ས་སྤྱོད་ཐད་ཀྱི་ཞིབ་བཤེར་ཆོག་མཆན་དང་མ་དངུལ་འཁོར་རྒྱུག འདོན་སྤྲོད་ཕྲེང་འབྲེལ་གྱི་སྦྲེལ་མཐུད་སོགས་རིགས་མི་འདྲ་བའི་དཀའ་གནད་སྣ་ཚོགས་ཐག་བཅད་དེ། ཁེ་ལས་ཀྱི་ནུས་ལྡན་ཐོན་སྐྱེད་ཐད་སྲུང་སྐྱོང་བྱས། དེའི་རྨང་གཞིའི་སྟེང་། ཀན་ཧི་བཟོ་ལས་གླིང་ཁུལ་གྱིས་ཁེ་ལས་ཀྱི་དྲ་མིག་དོ་དམ་ལམ་ལུགས་བཙུགས་ནས། གླིང་ཁུལ་གྱི་ཁེ་ལས་དྲ་མིག་མང་པོ་རུ་དབྱེ་བ་དང་། དྲ་མིག་རེ་རེར་ཆེད་དོན་ཞབས་ཞུ་རུ་ཁག་སྒྲིག་སྦྱོར་བྱས་ཏེ། ཐོན་སྐྱེད་ཚོང་གཉེར་ནས་བདེ་འཇགས་ཐོན་སྐྱེད། སྲིད་ཇུས་ལག་བསྟར་བྱེད་པ་ནས་ཁོར་ཡུག་འགན་སྲུང་བཅས་ཐད་ནས། ཁེ་ལས་ལ་ཕྱོགས་ཡོངས་དང་གནད་ཕིགས་ནུས་ལྡན་གྱི་ཞབས་ཞུ་འདོན་སྤྲོད་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡིས་གྲངས་བཤེར་བཀོད་གཏོང་དང་། དོན་དག་ཡོད་ན་ངེས་པར་དུ་བསྒྲུབ་པ། དོན་དག་མེད་ན་བར་ཆད་མི་བྱེད་པའི་ཡུན་ཕན་ཞབས་ཞུའི་རྐྱེན་སྲོལ་བཙུགས་པ་དང་། ཁེ་ལས་ཀྱིས་གྲངས་བཤེར་བྱས་ནས་གསལ་འདེབས་ལྟར་ཞུ་གཏུག་ཆ་འཕྲིན་ཡང་དག་སྐོང་འབྲི་བྱས་པ་མ་ཟད་ཡར་སྤྲོད་བྱས་ན། མྱུར་དུ་ཁུལ་བཟོ་འཕྲིན་ཅུའུ་དང་འབྲེལ་འདྲིས་བྱེད་ཐུབ་པ་དང་། དེའི་མཚུངས་སུ། མཚོ་ལྷོ་ཁུལ་བཟོ་འཕྲིན་ཅུའུ་ཡིས་སྟེགས་བུ་བརྒྱུད་དེ་མགྱོགས་མྱུར་དང་གནད་ལ་འཁེལ་བའི་སྒོ་ནས་ཁེ་ལས་ཀྱི་ཚོང་གཉེར་འཕེལ་རྒྱས་ཁྲོད་འཕྲད་པའི་རིགས་མི་འདྲ་བའི་དཀའ་ཁག་དང་དགོས་མཁོ་སྣ་ཚོགས་ལ་རྒྱུས་ལོན་བྱེད་ཐུབ།
སྟོབས་ཤུགས་ཡོད་རྒུས་ཁེ་ལས་དཀའ་ཁག་སེལ་བར་རོགས་བྱེད་ཆེད། ཟི་ལིང་དང་མཚོ་ནུབ། མཚོ་ཤར་སོགས་ས་ཆས་ཁེ་ལས་སུ་ཞབས་འདེགས་ཞུ་བའི་བྱ་འགུལ་སྤེལ། ཁེ་ལས་ཀྱི་མི་བཀོལ་ཕྱོགས་ཀྱི་ལས་བཟོ་བ་མི་འདང་བ་དང་མི་བཀོལ་མ་རྩ་ཇེ་མཐོར་སོང་བའི་གནད་དོན་ལ་ཁ་གཏད་དེ། ཕྱོགས་གཅིག་ནས་ཞིང་ཆེན་ཕྱི་ནང་གི་ངལ་རྩོལ་པ་ཕྱིར་གཏོང་ཚད་མང་བའི་རྫོང་བར་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས། ཆེད་དོན་མི་བསྡུ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཕྱི་ཡི་ངལ་རྩོལ་པ་མཚོ་སྔོན་ནས་ལས་ཞུགས་བྱེད་པར་ནང་འགུག་བྱས། ཕྱོགས་གཞན་ཞིག་ནས། རང་ས་ཆའི་ལས་རིགས་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ། མངགས་ཐོ་རྣམ་པའི་འཇོན་མི་སྐྱེད་སྲིང་བྱ་བ་སྤེལ་ནས། ཁེ་ལས་དེ་དང་འཚམ་པའི་རྩལ་ནུས་རིགས་ཀྱི་འཇོན་མི་སྐྱེད་སྲིང་བྱས། དངུལ་བསྲེས་ཐད་ཀྱི་དཀའ་གནད་ལ་ཁ་ཕྱོགས་ནས། དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་བྱེད་པའི་སྟེགས་བུ་བཙུགས་པ་དང་། དངུལ་རྩའི་ལས་ཁུངས་མང་པོ་གདན་ཞུ་བྱས་ནས་ཁེ་ལས་བར་ཁ་གཏད་བརྗེ་རེས་བྱས་ནས། ཁེ་ལས་ཀྱི་ཚོང་གཉེར་གནས་བབ་དང་འཕེལ་རྒྱས་ཀྱི་འཆར་གཞི་གཞིར་བཟུང་ནས་དེར་འཚམ་པའི་དངུལ་བསྲེས་ཇུས་གཞི་ཇུས་འགོད་བྱས་པ་དང་། ཁེ་ལས་ཀྱི་དངུལ་བསྲེས་ལམ་བུ་རྒྱ་བསྐྱེད།
རིན་ཆེན་མཚོས་བསྒྱུར།