དུས་ཚིགས་དང་པོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་གྲངས་དུས་མཉམ་དང་བསྡུར་ནས་བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔ་འཕར་སྣོན་བྱུང་།
2025.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས18ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། དུས་ཚིགས་དང་པོའི་རང་རྒྱལ་གྱི་བཟོ་ལས་འཁོར་རྒྱུག་གནས་ཚུལ་ངོ་སྤྲོད་བྱས། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་གྲངས་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔ་འཕར་བ་དང་། བཟོ་ལས་ཀྱི་ཆེ་ཕྱོགས་དཔལ་འབྱོར་འཕར་སྣོན་ཐད་ཀྱི་བྱས་རྗེས་འཇོག་ཚད་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་གསུམ་ལ་སླེབས། བཟོ་ལས་ཀྱི་དམངས་ཁྲོད་དངུལ་གཏོང་ཐད་ནས་གྲངས་གནས་གཉིས་ཀྱི་འཕར་སྣོན་སྲུང་འཛིན་བྱས་པ་དང་། གློག་རྡུལ་དང་རླངས་འཁོར། གློག་ཤུགས་འཕྲུལ་ཆས་ཡོ་བྱད་ཆོགས་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་ཡོད།

དུས་མཚུངས་སུ། རང་རྒྱལ་གྱི་གཞི་གྲངས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཧ་ཅང་བཟང་བ་དང་།  5Gདང་མིའི་ཐབས་རིག་ནུས་ཀྱི་དཔེ་གཟུགས་ཆེན་པོ་སོགས་མཚོན་བྱེད་དུ་བྱས་པའི་གཞི་གྲངས་ལག་རྩལ་མགྱོགས་མྱུར་སྒོས་གོང་འཕེལ་དུ་སོང་བ་དང་། ཟླ་སྔོན་མ་གཉིས་ཀྱི་གཞི་གྲངས་ཐོན་ལས་ཀྱིས་ཡོངས་འགྲུབ་བྱས་པའི་ལས་སྒོའི་ཡོང་འབབ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་། དྲ་རྒྱའི་རྨང་གཞི་སྒྲིག་ཆས་ཀྱི་ནུས་པ་རྒྱུན་མཐུད་ཇེ་མཐོར་སོང་བ་དང་། ཟླ3པའི་ཟླ་མཇུག་བར་དུ། བསྡོམས་པས5Gདྲ་རྒྱའི་ས་ཚིགས་ས་ཡ་བཞི་དང་འབུམ་གསུམ་ཁྲི་དགུ་སྟོང་ལྔ་བཙུགས་པ་དང་། 5Gརྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེན་པོ་གོ་བདུན་ཁྲོད་ཀྱི་བརྒྱད་ཅུ་རུ་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་དང་། གཏེར་འདོན་དང་གྲུ་ཁ་སོགས་ལས་རིགས་ནས་གཞི་ཁྱོན་ཆེ་བའི་ངང་བཀོལ་སྤྱོད་བྱེད་པ་མངོན་འགྱུར་བྱས།

རིན་ཆེན་མཚོས་བསྒྱུར།