ཟླ4ཚེས18ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱི་འབྲེལ་ཡོད་འགན་ཁུར་པས་ཞིང་ཆེན་ཡོངས་ཀྱི་དགུན་དུས་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་དོན། ན་ནིང་དགུན་ཁ་ནས་ད་ལོའི་དཔྱིད་ཀའི་བར་དུ། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་བསྟུད་མར་ལོ་བཅུ་གཉིས་རིང་འཁྱམ་པོ་དང་སློང་མོ་བར་དགུན་དུས་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ་ནས། འཁྱམ་པོ་དང་སློང་མོ་བ། དཀའ་ཁག་ལ་འཕྲད་པའི་མང་ཚོགས་སྟོང་ལྔ་དང་བརྒྱད་བརྒྱ་བཅུ་བདུན་ལ་རོགས་སྐྱོར་བྱས་ལ། མི་བཅུ་གཅིག་ལ་རོགས་བྱས་ཏེ་གཉེན་ཉེར་ངོ་གཏུག་ཅིང་། མི་གསུམ་གཏན་སྡོད་བཀོད་སྒྲིག་བྱས་པ་དང་། མི་ཉིས་བརྒྱ་བཅོ་བརྒྱད་བདེ་འཇགས་ངང་ཕ་ཡུལ་དུ་བསྐྱལ་ཞིང་། དགུན་ཁའི་མཁོ་དངོས་དང་ཟས་སྣ་སྟོང་བདུན་བརྒྱ་དང་ང་བཞི་བྱིན་ནས། འཁྱམ་པོ་དང་སློང་མོ་བ། དཀའ་ཁག་ལ་འཕྲད་པའི་མང་ཚོགས་དག་གིས་བདེ་འཇགས་དང་དྲོད་ཁོལ་ལྡན་པར་དགུན་སྐྱེལ་ཐུབ་པར་བྱས་ཟེར།
རྒྱུས་ལོན་པ་ལྟར་ན། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་དང་རོགས་སྐྱོར་དོ་དམ་ལས་ཁུངས་ཀྱིས་སྤྱི་བདེ་དང་། མཁར་གྲོང་དོ་དམ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་བར་གྱི་མཐུན་སྦྱོར་གཞོགས་འདེགས་བྱ་བ་ཤུགས་དྲག་ཏུ་བཏང་སྟེ། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་འཚོལ་རྟོགས་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། སྲང་ལམ་ངོས་ཐད་ཀྱི་རང་འགུལ་རོགས་སྐྱོར་ནུས་པ་ཇེ་མཐོར་བཏང་ཞིང་། གནམ་གཤིས་ཀྱི་གནས་ཚུལ་ལ་དོ་སྣང་ཟབ་མོ་བྱས་ཏེ། སྐོར་ཞིབ་ལམ་ཐིག་འཆར་འགོད་བྱས་པར་མ་ཟད། མེ་འཁོར་ས་ཚིགས་དང་རླངས་འཁོར་ས་ཚིགས། དར་རྒྱས་ཚོང་ལས་ཁུལ། ཟམ་པ་དང་ཕུགས་ལམ། བེད་མེད་དུ་གྱུར་བའི་འཛུགས་སྐྲུན་ཁུལ་སོགས་གཙོར་བཟུང་ནས་ཞིབ་བཤེར་བྱས་པ་དང་། དགོང་མོ་དང་དུས་ཆེན་གུང་གསེང་སྐབས། དམིགས་བསལ་དུས་སྐབས། གྲང་ངར་རྒོད་པའི་གནམ་གཤིས་དང་འཕྲད་སྐབས་ཀྱི་ཞིབ་བཤེར་ཐེངས་གྲངས་དང་རང་འགུལ་རོགས་སྐྱོར་ནུས་ཚད་ཆེ་རུ་བཏང་ནས། དུས་ཚོད་དང་པོར་འཁྱམ་པོ་དང་སློང་མོ་བ་འཚོལ་རྟོགས་དང་དེར་རོགས་སྐྱོར་ཐོབ་པར་ཁག་ཐེག་བྱས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རོགས་སྐྱོར་དོ་དམ་ལས་ཁུངས་ཀྱིས་དུས་ཚོད་ཉེར་བཞིའི་རིང་སྣེ་ལེན་ཞབས་ཞུ་བྱེད་པ་དངོས་འབེབས་ནན་མོ་བྱས་ཏེ། ས་ཁུལ་དང་རིགས་བགར་ནས་དོ་དམ་བྱེད་པ་ལག་བསྟར་བྱས་ལ། གཅིག་ཅན་བཅུའི་རོགས་སྐྱོར་དོ་དམ་ཞབས་ཞུ་ཏག་ཏིག་སྒོས་སྤེལ་ནས། ཁྱད་ཆོས་ལྡན་ཞིང་གནད་ལ་འཁེལ་བའི་ཞབས་ཞུ་འདོན་སྤྲོད་བྱས་པར་བརྟེན། རོགས་སྐྱོར་ཐོབ་མཁན་དག་གིས་ཏང་དང་སྲིད་གཞུང་གི་བརྩེ་བ་དྲོན་མོ་དང་སྤྱི་ཚོགས་ཀྱི་གཅེས་སེམས་ཚོར་ཐུབ་པར་བྱས།
དུས་མཉམ་དུ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། དམངས་སྲིད་ཀྱིས་སྣེ་ཁྲིད་བྱེད་པ། སྡེ་ཁག་གིས་འགན་ཁུར་བ། ཁོངས་གཏོགས་ཀྱིས་དོ་དམ་བྱེད་པ། སྤྱི་ཚོགས་ཟབ་ཞུགས་བྱེད་པ་བཅས་ཀྱི་རྩ་དོན་ལྟར་རོགས་སྐྱོར་ཞབས་ཞུའི་དྲ་བ་བཙུགས། གྲོང་ཁྱེར་དང་རྫོང་། གྲོང་རྡལ། གཞིས་ཁུལ་སོགས་རོགས་སྐྱོར་ཞབས་ཞུའི་བློ་འདྲི་ས་ཁུལ་དང་སྤྱི་ཕན་ལས་སྒྲུབ་ས་ཁུལ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རོགས་སྐྱོར་དོ་དམ་བྱ་བའི་སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་བསྣན། སྲིད་གཞུང་གིས་ཉོ་སྒྲུབ་ཞབས་ཞུ་དང་དང་བླངས་ཞབས་ཞུ། སྤྱི་ཕན་མཉམ་ལས་སོགས་བྱེད་ཐབས་སྤྱད་པ་བརྒྱུད་དེ། གྲོང་རྡལ་དང་གཞིས་ཁུལ། སེམས་བཟང་མང་ཚོགས་བར་འབྲེལ་འདྲིས་དམ་ཟབ་བྱེད་པར་ཤུགས་བསྣན་ནས་མཉམ་འཛིན་མཉམ་སྡོམ་གྱི་བྱ་བའི་མཉམ་ཤུགས་གྲུབ་པར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།