ཟླ4བའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་བྱེད་ཆེད། མཚོ་སྔོན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཀྱི་སྒོ་མོ་ཡངས་བར་ཕྱེས་ཏེ། ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་ཐོན་རྫས་ལ་བརྟེན་ནས་ངལ་ལས་ཚོང་རྟགས་སྐོར་ཞིག་གསོ་སྐྱོང་འཕེལ་རྒྱས་བཏང་ནས། ངལ་རྩོལ་ནུས་པས་ལས་ཞུགས་འཕེལ་བར་སྐུལ་ཁྲིད་བྱས། མིག་སྔར། མཚོ་སྔོན་གྱིས་མཚོ་སྔོན་འཐེན་ཐུག་དང་ཧོར་རིགས་འཚེམ་དྲུབ། ཧུའུ་ཀྲུའུ་ཁྱིམ་སྲིད། ཚྭ་འདམ་གྱི་འཕང་འབྲས་འཐུ་བ་སོགས་ས་གནས་ཀྱི་ཁྱད་ཆོས་དང་ཐོན་ལས་ཀྱི་ཁྱད་ཆོས། ལག་རྩལ་གྱི་ཁྱད་ཆོས་བཅས་ཡོད་པའི་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ངལ་ལས་ཟོང་རྟགས49གསོ་སྐྱོང་བྱས་པ་མ་ཟད། ཆ་སྙོམས་ལོ་རེར་ལས་ཞུགས་བྱས་པའི་ཞིང་བ་འབུམ་བཞི་ལྷག་ཡོད།
ཞིང་ཆེན་ཡོངས་ཀྱི་ངལ་ལས་ཟུང་རྟགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཞིར་བཟུང་ནས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྡེ་ཁག19དང་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་ངལ་ལས་ཟོང་རྟགས་འཛུགས་སྐྲུན་གྱི་ལག་བསྟར་བསམ་འཆར》བཏོན་ཏེ། ངལ་ལས་ཟོང་རྟགས་འཛུགས་སྐྲུན་གསོ་སྐྱོང་རྐྱེན་སྲོལ་དང་བྱ་དགའི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱིས་ལས་ཞུགས་བྱ་དགའ་དང་ཁ་གསབ་རོགས་དངུལ་བསྡུ་ལེན་བྱེད་པ་དང་། ལས་གཏོད་ཁེག་ཐེག་དངུལ་བུན། ལས་གཏོད་ཁ་གསབ་སོགས་སྲིད་ཇུས་སོགས་ཀྱི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་སྟོབས་ཤུགས་ཡོད་རྒུས་ངལ་ལས་ཟོང་རྟགས་ལ་རོགས་སྐྱོར་བྱས། ལས་རིགས་ལག་རྩལ་གསོ་སྦྱོང་གི་ལས་ཞུགས་ཕྱོགས་སྟོན་ཆེ་རུ་གཏོང་བ་དང་། ལག་རྩལ་གྱིས་མདུན་ལམ་བསྐྲུན་པའི་གསོ་སྦྱོང་ལས་འགུལ་ལག་བསྟར་བྱས་ཏེ། ཁྱིམ་སྲིད་དང་འཚེམ་དྲུབ། འཐེན་ཐུག་སོགས་ངལ་ལས་ཟོང་རྟགས་ལ་ཉེ་བར་མཁོ་བའི་ལས་རྐང་ལ་གཞི་བཙུགས་ནས། ཁེ་ལས་ཀྱི་རང་འགུལ་གསོ་སྦྱོང་དང་ལག་རྩལ་སློབ་གླིང་གིས་གསོ་སྦྱོང་རྩ་འཛུགས་བྱེད་པ། ལས་རིགས་གསོ་སྦྱོང་ལས་ཁུངས་སྡེ་བར་བསྐྱོད་པ་དང་ཁྱིམ་ཚང་དུ་བསྐྱོད་པ་གསོ་སྦྱོང་གི་བརྗོད་གཞིར་བྱས་ཏེ། ངལ་ལས་ཟོང་རྟགས་ལ་དམིགས་ནས་ལོ་རེར་འཐེན་ཐུག་དང་འཚེམ་དྲུབ། ཁྱིམ་སྲིད། སྤྲོ་སྐྱིད་གླིང་། གཟུགས་འདུས་ཤུལ་བཞག་རིག་གནས། མི་རིགས་ཀྱི་ལག་ཤེས་ཐོན་རྗས་སོགས་ཆེད་དམིགས་གསོ་སྦྱོང་ཐེངས་ཁྲི་གསུམ་དང་སྟོང་བརྒྱད་ལྷག་སྤེལ་བ་དང་། ངལ་ལས་ཟོང་རྟགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མི་ཤུགས་ཐོན་ཁུངས་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད། ངལ་ལས་ཟོང་རྟགས་ཀྱི་ལས་སྒྲུབ་མི་སྣའི་ལག་རྩལ་ཆུ་ཚད་ཀྱི་དཔྱད་འཇོག་བྱེད་སྒོ་རྩ་འཛུགས་བྱེད་པ་དང་ཁེ་ལས་ཀྱིས་སྤེལ་བའི་ལག་རྩལ་རིམ་པའི་ངོས་འཛིན་ལ་རྒྱབ་སྐྱོར་བྱེད་པ། ཆེད་ལས་ལག་རྩལ་འཇོན་མིའི་ལས་རིགས་ལག་རྩལ་རིམ་པ་ངོས་འཛིན་ལ་སྐུལ་འདེད་བྱེད་པ། ལག་རྩལ་སློབ་གསོ་དང་ལས་རིགས་སློབ་གསོའི་འཛིན་ཡིག་གཉིས་དང་ལག་རྟགས་གཉིས་སྟེར་བཅས་བྱས་ཏེ། མཚོ་སྔོན་གྱི་བཟོ་བའི་གསོ་སྦྱོང་ཟོང་རྟགས་བཟོས་ནས། ངལ་ལས་ཟོང་རྟགས་ལ་འཛིན་ཡིག་ཡོད་པའི་ལས་སྒྲུབ་མི་སྣ་འདོན་སྤྲོད་བྱེད་པར་རོགས་འདེགས་བྱས།
དེ་དང་ཆབས་ཅིག ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་དང་། ལས་ཞུགས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་པ། སྣ་མང་ཅན་གྱི་ལས་ཞུགས་ཞབས་ཞུའི་འདོན་སྤྲོད་མ་ལག་འཛུགས་སྐྲུན་བྱེད་པ། ལས་ཞུགས་ཞབས་ཞུའི་ཐོན་ཁུངས་གྲོང་རྡལ་དང་གྲོང་གསེབ་ཏུ་བསྲིངས་བར་སྐུལ་འདེད་བྱས་ཏེ། ངལ་ལས་ཟོང་རྟགས་ཀྱི་ལས་སྒྲུབ་མི་སྣའི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ངལ་ལས་ཟོང་རྟགས་དཔྱད་འཇོག་དང་ངོས་འཛིན་མ་ལག་འཛུགས་སྐྲུན་བྱས་ཏེ། སྔ་རྗེས་སུ་ཞིང་ཆེན་རིམ་པའི་ངལ་ལས་ཟོང་རྟགས་ཀྱི་དཔྱད་འདེམས་ངོས་འཛིན་བྱེད་སྒོ་ཐེངས་ལྔར་སྤེལ། མཚོ་སྔོན་ངལ་ལས་ཟོང་རྟགས་ཀྱི་གཞི་གྲངས་ཞབས་ཞུའི་སྤྱི་སྟེགས་གསར་སྤེལ་བྱེད་པ་དང་། ས་གནས་བགར་བ་དང་ལས་རིགས་བགར་བ། རྣམ་པ་བགར་བའི་སྒོ་ནས་ངལ་ལས་ཟོང་རྟགས་འགྲེམ་སྟོན་བྱས་ཏེ་ཚོང་རྟགས་ཀྱི་སྐད་གྲགས་ཆེ་རུ་བཏང་། “ དཔྱིད་རླུང་ལས་འགུལ”དང“ དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཟླ”སོགས་ཆེད་དོན་བྱ་འགུལ་སྤེལ་བ་བརྒྱུད། ངལ་ལས་ཟོང་རྟགས་ཀྱི་མི་བཀོལ་ལས་ཁུངས་སོ་སོ་དང་ལས་ཀ་འཚོལ་མཁན་བར་གྱི་འབྲེལ་ཟམ་སྤྱི་སྟེགས་བསྐྲུན་ཏེ། དྲ་ཐོག་ནས་འབྲེལ་གཏུག་བྱེད་པ་དང་ལས་ཞུགས་པའི་ཁྱོན་ཡོངས་རང་བཞིན་གྱི་ཆ་འཕྲིན་ལ་སྐུལ་འདེད་བཏང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།