ཟླ4བའི་ཚེས21ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཤར་ནུབ་རྒྱུད་མཉམ་ལས་དང་། པེ་ཅིང་གི་ཁ་གཏད་རོགས་སྐྱོར། ཞིང་ཆེན་ཕྱི་ནང་དུ་སྦྲེལ་མཐུད་བྱེད་པའི་སྤུས་ལེགས་ཁེ་ལས་ཀྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་བརྒལ་བའི་ལས་ཞུགས་བྱ་བའི་གྲུབ་འབྲས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ཐད་མི་ཤུགས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།
མིག་སྔའི་བར་དུ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་བསྡོམས་པས་ཞིང་ཆེན་ཕྱི་ནང་གི་སྤུས་ལེགས་ཁེ་ལས་དང་རྩོལ་གཉེར་ཀུང་སིའི་བར་སྦྲེལ་མཐུད་ཐེངས་བཅུ་གཉིས་བྱས་པ་དང་། ལས་ཞུགས་ལས་གནས709སྔོག་འདོན་བྱས་ལ། དེའི་ཁྲོད་བཟོ་སྐྲུན་དང་། ཞབས་ཞུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད་ཅིང་། ལས་གནས་རིགས་སྣ་ཕུན་སུམ་ཚོགས་ཤིང་སྡེབ་སྒྲིག་འོས་འཚམ་བྱས་ཡོད། ཡུལ་དངོས་ལས་བསྡུའི་བྱ་འགུལ་ཐེངས་གཅིག་བདེ་ལེགས་ངང་སྤེལ་ཏེ། ལས་འཚོལ་མི་སྣ500ལྷག་ཟབ་ཞུགས་བྱས་ཡོད་ལ། ཡུལ་དངོས་ཀྱི་མི་སྣ་བརྒྱ་ཙམ་གྱིས་ལས་ཞུགས་རེ་འདུན་གྱི་ཐོག་མའི་འཆར་གཞི་བཀོད། སེམས་ཞིབ་མོས་ལས་གནས་ཆ་འཕྲིན་ཐེངས་དྲུག་ཙམ་འདོན་སྤྲོད་བྱས་པ་དང་། ཡུས་ཧྲུའུ་ཡི་ལས་ཞུགས་སྤྱི་སྟེགས་དང་། གྲོང་རྡལ་གྱི་བྱ་བའི་ཚོམས། གཞིས་ཁུལ་གྱི་སྤྱི་བསྒྲགས་འགྲེམ་པང་སོགས་རྒྱུ་ལམ་མང་པོ་ནས་གནས་ཚུལ་སྤེལ་ཏེ། ལས་ཞུགས་ཆ་འཕྲིན་གྱི་བཀག་རྒྱ་གཏོར་ནས། ཞིང་ཆེན་བརྒལ་བའི་ལས་ཞུགས་མངོན་འགྱུར་བྱ་ཆེད་ལས་གནས་ཐོན་ཁུངས་ཀྱི་རྨང་གཞི་བརྟན་པོར་བསྐྲུན། མིག་སྔར་གནས་པའི་ལས་ཞུགས་ཀྱི་འདུ་ཤེས་རྙིང་ཞེན་ཆེ་བ་དང་། ངལ་རྩོལ་པའི་བྱང་ཚད་དམའ་བ། བདེ་ཐང་ཆ་རྐྱེན་གྱི་ཚད་གཞི་མི་ལོང་པ། ཁོར་ཡུག་བར་ཁྱད་ལས་ལོབས་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཕྱོགས་ངོས་མང་པོ་ནས་ཤུགས་འདོན་པ་དང་གནད་ལ་འཁེལ་བའི་སྲིད་ཇུས་བཏོན། གྲོང་ཁྱེར་ཡོངས་ཀྱི་གྲོང་རྡལ་དང་སྲང་ལམ་གཞིས་ཁུལ་གྱི་ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་། གྲོང་རྡལ་གྱི་ངལ་རྩོལ་ནུས་ཤུགས་མང་བའི་ཆ་འཕྲིན་རྨང་གཞིའི་སྟེང་། དྲིལ་སྒྲོག་ཁྲིད་སྟོན་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བ་དང་། ཞབས་ཞུའི་འགན་སྲུང་རིམ་བཞིན་འཐུས་ཚང་དུ་བཏང་ཞིང་། སྣ་མང་མཐུན་སྦྱོར་རྒྱ་བསྐྱེད་པར་ཤུགས་བཏོན་ལ། སྤུས་ཚད་མཐོ་བའི་ལས་ཞུགས་ལ་བརྟེན་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།