མཚོ་སྔོན་གྱིས་སྟོབས་ཤུགས་གཅིག་སྡུད་སྒོས་དེང་རབས་ཅན་གྱི་མཐོ་སྒང་ཉ་ལས་ཐོན་ལས་རྟེན་གཞི་བསྐྲུན།
2025.04.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་ཀུའེ་ཙུན་ཉ་རིགས་གསོ་སྤེལ་ར་བ་ཉེར་བདུན་བསྐྲུན་པ་དང་། གསོ་སྤེལ་རྒྱ་ཁྱོན་སྨི་གྲུ་བཞི་མ་འབུམ་བཞི་དང་ཁྲི་ལྔར་སླེབས་ཡོད་ལ། ལོ་རེའི་ཐོན་ཚད་ཏུན་ཁྲི་གཅིག་དང་སྟོང་ལྔ་ཡིན་ཞིང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བཞི་ལས་བརྒལ་བས། ཁྲི་སྟོང་རིམ་པ་ནས་དུང་ཕྱུར་རིམ་པའི་བར་བརྒལ་རྣམ་པའི་འཕར་སྣོན་མངོན་འགྱུར་བྱུང་།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་སྔོན་གྱིས་རྨ་ཆུའི་ཐོན་ཁུངས་དང་ཁུལ་གནས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་པ་དང་། ཉ་རིགས་གསོ་སྤེལ་གྱི་རྣམ་པ་བསྐྲུན་ནས། ལས་སྣོན་དང་ཕྱིར་འཚོང་སོགས་ཀྱི་ཐོན་ལས་ཕྲེང་སྦྲེལ་ཧྲིལ་བོའི་རྣམ་པར་ཁེབས་པ་དང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མཐོ་སྒང་གི་དེང་རབས་ཉ་ལས་མ་ལག་གྲུབ། 2024ལོར། ཞིང་ཆེན་ཡོངས་ཀྱི་ཉ་རིགས་དང་ལས་སྣོན་ཐོན་རྫས་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ལ་སླེབས་པ་དང་། ལོ་སྔོན་མ་དང་བསྡུར་ན་ལྡབ་དགུ་དང་གྲངས་ཆུང་གཉིས་ཀྱིས་འཕར་ཞིང་། རྒྱལ་ཡོངས་ཀྱི་རིགས་འདྲ་བའི་ཐོན་རྫས་ཕྱིར་གཏོང་སྤྱི་འབོར་གྱི་བརྒྱ་ཆའི་དགུ་ཅུའི་ཡན་ཟིན་ཡོད་ལ། ཨུ་རུ་སི་ནས་ནང་སོག མོ་སི་ཁོ། ཨེ་ཤ་ཡ་ཤར་ལྷོ་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་ཁྲོམ་ར་རྒྱ་སྐྱེད་ཡོད།

ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས། ཐོན་ལས་སྐྱེ་ཁམས་ཀྱི་རྣམ་པ་གསར་བ་བསྐྲུན། མཚོ་སྔོན་གྱིས་སྔ་ཕྱིར་མགྱོགས་མྱུར་ངང་དེང་རབས་ཉ་ལས་འཕེལ་རྒྱས་འགྲོ་བའི་ལག་བསྟར་བསམ་འཆར་དང་། རང་ཞིང་གི་ཀུའེ་ཙུན་ཉ་གསོ་སྤེལ་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར་སོགས་ཀྱི་སྲིད་ཇུས་ཡིག་ཆ་བཏོན་ནས། ཉའི་ཐོན་ལས་འཕེལ་རྒྱས་ཐབས་ལམ་གཏན་འཁེལ་གསལ་བོ་བྱས། མཚོ་སྔོན་ཞིང་ཆེན་གྱི་གསོ་སྤེལ་ཆུ་ཁོངས་ཀྱི་འཆར་འགོད་ཁྱབ་བསྒྲགས་བྱས་པ་དང་། ཚད་བཀག་ཐེབས་པའི་གསོ་སྤེལ་ཁུལ་ཁོངས་དང་གསོ་སྤེལ་ཁུལ་ཁོངས་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ། དྲ་རྒྱ་འཐེན་པའི་ཁྱབ་ཁོངས་དང་རྒྱ་ཁྱོན། ཤོང་ཚད་སོགས་དོ་དམ་ཚོད་འཛིན་གྱི་བླང་བྱ་གཏན་འཁེལ་གསལ་བོ་བྱས། ཆུ་ཟབ་སའི་དྲ་རྒྱ་སྒྱུར་བཅོས་དང་རིག་ནུས་ཅན་གྱི་སྟེགས་བུ་སོགས་སྒྲིག་ཆས་རིམ་སྤོར་ལས་གཞི་ལག་བསྟར་བྱས་པ་དང་། ཐོན་ལས་སྡེ་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཉ་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་།

བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སྤུས་ཚད་བདེ་འཇགས་ཀྱི་འགོག་ར་བརྟན་པོ་བསྐྲུན། མཚོ་སྔོན་གྱིས་སྔ་ཕྱིར་རང་ཞིང་གི་ཀུའེ་ཙུན་ཉ་རིགས་གསོ་སྤེལ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར་དང་། མཚོ་སྔོན་ཞིང་ཆེན་གྱིས་མགྱོགས་མྱུར་ངང་ཉ་ལས་གསོ་སྤེལ་ལྗང་མདོག་སྐྱེ་ལྡན་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི།  མཚོ་སྔོན་ཞིང་ཆེན་གྱིས་ཉ་ལས་ཀྱི་དེང་རབས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཆེད་དོན་ལག་བསྟར་ཇུས་གཞི་བཏོན་ནས། གསོ་སྤེལ་ཤོང་ཚད་དང་དྲ་སྒམ་འཛུགས་སྐྲུན། ལག་རྩལ་ཚད་གཞི། ནད་རིགས་སྔོན་འགོག་སོགས་ཀྱི་ཐད་ལ་ཚད་ལྡན་བླང་བྱ་བཏོན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ལུགས་འགན་སྲུང་ཇེ་བརྟན་དུ་བཏང་།

ལྷ་མོ་འཚོས་བསྒྱུར།