ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཧྲང་ཧེ་དང་ཀོང་ཞི་ལ་སོང་ནས་ལྗང་མདོག་གསར་གཏོད་འཕེལ་རྒྱས་དང་གྲོང་ཁྱེར་ཞིབ་ཕྲ་ཅན་གྱི་དོ་དམ་གནས་ཚུལ་ལ་རྟོག་ཞིབ་བྱས།
2025.04.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

སྔོན་ཐོན་ས་ཁུལ་གྱིས་ལྗང་མདོག་གསར་གཏོད་འཕེལ་རྒྱས་དང་གྲོང་ཁྱེར་ཞིབ་ཕྲ་ཅན་གྱི་དོ་དམ་བྱས་པའི་ཉམས་མྱོང་བྱེད་ཐབས་ལ་སློབ་སྦྱོང་དང་དཔེ་ལྟོས་བྱེད་ཆེད། ཟླ་བཞི་པའི་ཟླ་དཀྱིལ་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། ཧྲང་ཧེ་གྲོང་ཁྱེར་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དུ་སོང་ནས་ལྟ་ཞིབ་རྟོག་ཞིབ་བྱས་པ་དང་། སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་བྱེད་ཐབས་དང་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས།

ཧྲང་ཧེ་ལ་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་གཙོ་བོ་པིན་ཅང་ས་ཁུལ་འཆར་འགོད་འགྲེམ་སྟོན་ལྟེ་གནས་དང་ཀྲང་ཅང་མི་ཐབས་རིག་ནུས་གླིང་སོགས་ས་ཁུལ་དུ་བཅར་འདྲིར་སོང་སྟེ། མི་ཐབས་རིག་ནུས་དང་ལྗང་མདོག་ལག་རྩལ་མཉམ་འདྲེས་ཀྱི་ཉམས་མྱོང་བཟང་པོ་དང་། སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་གྱིས་ཞིང་སྡེའི་ཡུལ་སྐོར་དང་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བའི་ལག་ལེན་ཉམས་མྱོང་ལ་བརྟེན་ནས། ས་གནས་དེ་གའི་བཟོ་ལས་སྦགས་བཙོག་ཁུལ་དེ་འཚོ་བའི་མཛེས་སྡུག་ཁུལ་དུ་བསྒྱུར་བའི་གསར་སྒྱུར་ཉམས་མྱོང་ལ་རྒྱུས་ལོན་ཟབ་མོ་བྱས། ཀོང་ཞི་ལ་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་གཙོ་བོ་ནན་ཧྲི་གྲོང་ཁྱེར་དང་ཁྲུང་ཙུའོ་གྲོང་ཁྱེར། ཧི་ཁྲུ་གྲོང་ཁྱེར་སོགས་ལ་སོང་ནས་བཅར་འདྲི་བྱས་པ་དང་། ས་གནས་དེ་གའི་རི་གཉིས་ཀྱི་ཚུལ་སྒྱུར་དང་། སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། སྐྱེ་ཁམས་སླར་གསོ་དང་ལྗང་མདོག་ཐོན་ལས་མཐུན་སྦྱོར་ཤུགས་འདོན་སོགས་ཕྱོགས་ཀྱི་སྔོན་ཐོན་བྱེད་ཐབས་ལ་རྒྱུས་ལོན་ཟབ་མོ་བྱས།

རྟོག་ཞིབ་ཚན་ཆུང་གིས་ས་གནས་གཉིས་ཀྱིས་སྲིད་གཞུང་གི་གཙོ་ཁྲིད་ནུས་པར་ཤུགས་བསྣན་པ་དང་། འཆར་འགོད་ཁྲིད་སྟོན་དང་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་པར་དོ་སྣང་བྱས་ཏེ། བྱེད་ཐབས་ཉམས་མྱོང་བཟང་པོ་དེས་རང་ཞིང་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བསམ་ཕྱོགས་གསར་བ་འདོན་སྤྲོད་བྱས་པར་འདོད། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་སྟེ། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་བྱ་བའི་བླང་བྱ་བཅས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རྟོག་ཞིབ་གྲུབ་འབྲས་ཚུལ་སྒྱུར་ལ་དོ་སྣང་བྱས་ནས། རྟོག་ཞིབ་བྱེད་སྐབས་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་བ་དང་། ཁྲིམས་སྐྱོང་སྟོབས་ཤུགས་སྤྱད་དེ་མཚོ་བོད་མཐོ་སྒང་གི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས་པ་བསྟན།

ལྷ་མོ་འཚོས་བསྒྱུར།