ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་འབྲེལ་བྱས་ནས། ཟླ4པའི་ཟླ་དཀྱིལ་དུ། ཞིང་ཆེན་ཡོངས་ཀྱི་ཁྱང་ཁོངས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཟླ་བའི་བྱ་འགུལ་སྤེལ།
ཐེངས་འདིའི་བྱ་འགུལ་གྱིས་དམངས་གཉེར་ཁེ་ལས་ཞབས་ཞུའི་གཙོ་གཞི་རུ་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ལས་གཞི་གཙོ་བོ་དང་ཁེ་ལས་གཙོ་བོར་དམིགས་ཤིང་། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི། ཞིང་བ་ཞོར་ལས་པ་སོགས་མི་ཚོགས་གཙིགས་འཛིན་བྱས་པ་དང་། མཁར་གྲོང་གི་རིགས་མི་འདྲ་བའི་ལས་འཚོལ་མི་སྣ་ཡོངས་ལ་ཁེབས་པར་བྱས་ལ། སྲིད་ཇུས་དྲིལ་སྒྲོག་དང་ལས་རྐང་སྙོམ་སྒྲིག མི་བསྡུ་སྦྲེལ་མཐུད། ཞབས་ཞུ་ལེགས་བསྒྱུར་སོགས་དངོས་གཉེར་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། སྟོབས་ཤུགས་ཡོད་རྒུས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཐད་མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་།
ཞབས་ཞུའི་མི་ཚོགས་གཙོ་བོ་དང་ཁེ་ལས་ཀྱི་ལས་རྐང་གི་འགུལ་རྣམ་དགོས་མཁོ་མཛོད་བཙུགས་པ་དང་། གཞི་གྲངས་ཆེན་པོ་བཀོལ་སྤྱོད་བྱས་ནས་དབྱེ་ཞིབ་ཟབ་མོ་བྱས་ཏེ། མི་དང་ལས་རྐང་གི་རིག་ནུས་གནད་ཕིགས་པར་རིས་མངོན་འགྱུར་བྱས། ལངས་གཟུགས་ཅན་གྱི་མི་བསྡུའི་ཕྱོགས་ཚད་སྟར་སྒྲིག་གསར་སྐྲུན་བྱས་པ་དང་། ཡུལ་དངོས་ནས་ལས་རིགས་དང་སློབ་གྲྭ་དང་ཁེ་ལས་ཀྱི་སྦྲེལ་མཐུད་ཚོགས་འདུ་སོགས་ཁྱད་ལྡན་མི་བསྡུ་ཚོགས་འདུ་བསྡུས་ནས། དམངས་གཉེར་ཁེ་ལས་གཞིས་ཁུལ་དུ་བསྐྱོད་པ་དང་ཡུལ་ཚོ་དང་གྲོང་རྡལ་དུ་བསྐྱོད་པའི་སྒོ་ཁའི་མི་བསྡུ་བྱ་འགུལ་སྤེལ། དྲ་ཐོག་ནས་མཚོ་སྔོན་གྱི་སྤྱི་བའི་ལས་ཞུགས་ཀྱི་མི་བསྡུ་ཞབས་ཞུའི་སྟེགས་བུ་ལ་རྒྱབ་རྟེན་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་མི་བསྡུ་ཆེད་དོན་ཁུལ་བཙུགས་པ་དང་། ཐད་གཏོང་བརྒྱུད་དེ་ལས་རྐང་དང་ཁེ་ལས་ངོ་སྤྲོད་བྱེད་པ་སོགས་བརྗེ་རེས་རང་བཞིན་གྱི་དྲ་ཐོག་མི་བསྡུ་བྱ་འགུལ་སྤེལ་ནས། ལས་རྐང་གི་ཆ་འཕྲིན་དྲ་ཐོག་ནས་ཤེས་ཐུབ་པ་དང་ལས་འཚོལ་གདན་ཞུ་དྲ་ཐོག་ནས་སྦྲེལ་མཐུད་བྱེད་ཐུབ་པར་བྱས་པ་དང་། དམངས་གཉེར་ཁེ་ལས་དང་ལས་འཚོལ་མི་སྣའི་སྣ་མང་ཅན་གྱི་དགོས་མཁོ་ཕྱོགས་ཡོངས་ནས་སྐོང་ཐབས་བྱས།
དེ་དང་མཉམ་དུ། ཁེ་ལས་ལ་རོགས་བྱེད་པ་དང་ཕན་འདོགས་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་དམིགས་ནས། མི་བསྡུ་བྱ་འགུལ་གྱི་ཡུལ་དངོས་སུ་ཆེད་གཏོགས་སྲིད་ཇུས་བློ་འདྲིའི་སྣེ་ལེན་ཆེད་ཁུལ་བཙུགས་པ་དང་། ཆེད་དོན་མི་སྣ་བཀོད་སྒྲིག་བྱས་ནས་ཁེ་ལས་ལ་རོགས་བྱེད་པ་དང་ཕན་འདོགས་པའི་སྲིད་ཇུས་འགྲེལ་ཀློག་བྱས་ལ། ཡུལ་དངོས་ནས་དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་ལས་སྐྲུན་ཁ་གསབ་ཀྱི་སྙན་ཞུ་འབུལ་བ་དང་སྤྱི་ཚོགས་འགན་སྲུང་དངུལ་ཆག་ཡང་གཏོང་བ་སོགས་ཀྱི་སྲིད་ཇུས་ཐད་མཛུབ་སྟོན་བྱས། ཞིང་ཆེན་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་གཙོ་བོར་ཁ་གཏད་དེ། གཅིག་ལ་གཅིག་གཏད་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་འདྲིས་རྐྱེན་སྲོལ་བཙུགས་པ་དང་། ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་སྤྱོད་པ་ལྟར་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཇུས་གཞི་གཏན་འབེབས་བྱས་ནས། ངལ་རྩོལ་པ་དཀོན་པའི་ཁེ་ལས་ཀྱི་ཆེད་དོན་མི་བསྡུ་ཚོགས་འདུར་ཆེད་དུ་ངལ་རྩོལ་པ་བཀོད་སྒྲིག་བྱས་པ་དང་། ལས་རིགས་སློབ་གླིང་དང་མཉམ་འབྲེལ་བྱས་ནས་ཁེ་ལས་ལ་འཚམ་པའི་རྩལ་ནུས་གསོ་སྦྱོང་སྤེལ། ཁེ་ལས་ཀྱི་འཕེལ་རྒྱས་འགུལ་རྣམ་ལ་དུས་ཐོག་ཏུ་རྗེས་འདེད་བྱས་པ་དང་། ཞབས་ཞུའི་ཐབས་ཇུས་དུས་དང་བསྟུན་ནས་ལེགས་སྒྲིག་བྱས་ཏེ། དམངས་གཉེར་ཁེ་ལས་གཙོ་བོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་མི་ཤུགས་ཐོན་ཁུངས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ལས་རྐང་བརྟན་འཇགས་དང་ལས་རྐང་རྒྱ་སྐྱེད་པའི་ཐད་རོགས་ཤུགས་བཏོན།
རིན་ཆེན་མཚོས་བསྒྱུར།