ཞིང་ཆེན་སྲིད་གྲོས་ཀྱིས་མཁོ་འཚོང་མཉམ་ལས་ཁང་བཅོས་སྒྱུར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ལ་བརྟེན་ནས་རྟོག་ཞིབ་བྱས།
2025.04.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས17ཉིན་ནས་ཚེས18ཉིན། ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁག་ཅིག་རྩ་འཛུགས་བྱས་ཏེ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཞིང་ལས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་རོགས་ཤུགས་འདོན་པའི་སྐོར་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་ས་གནས་གཉིས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་མཁོ་འཚོང་མཉམ་ལས་ཁང་དང་ཐོན་སྐྱེད་རྒྱུ་ཆའི་ཀུང་ཟི། མཁོ་འཚོང་ཚོང་ཁང་། ཞིང་ཕྱུགས་ལས་ཐོན་རྫས་གསར་སྤེལ་ཁེ་ལས། ཏ་ཐེན་བཅོལ་སྐྱོང་རྟེན་གཞི་དང་ཧུའུ་ཀྲུའུ་ནཱ་ཏུང་མཐོ་སྒང་ཡུལ་སྐོར་ཁམས་གསོའི་ས་ཚིགས་བཅས་སུ་སོང་ནས། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་བཞུགས་མོལ་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་ཧུའུ་ཀྲུའུ་དང་མིན་ཡོན་གྱིས་མཁོ་འཚོང་མ་ལག་འཛུགས་སྐྲུན་དམ་འཛིན་བྱས་པ་དང་། གཞི་རིམ་གྱི་སྒྲིག་གཞི་སྲ་བརྟན་བཏང་ནས། ཞབས་ཞུའི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་སྐྱེད་པས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་འདེགས་རིམ་སྤོར་ཐད་མངོན་གསལ་གྱི་གྲུབ་འབྲས་བླངས་པ་དང་། ཁྲོམ་རའི་འགྲན་རྩོད་ནུས་ཤུགས་མངོན་གསལ་སྒོས་ཇེ་མཐོར་ཕྱིན་ཡོད་པར་འདོད། ཐོག་མཐའ་བར་གསུམ་དུ། མཁོ་འཚོང་མཉམ་ལས་ཁང་གི་ཞིང་སྡེར་ཞབས་འདེགས་ཞུ་བའི་དགོངས་པ་ཡིད་ལ་འཛིན་པ་དང་། ཕྱོགས་བསྡུས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ཏེ། རིམ་པ་སོ་སོའི་སྤྱི་དབང་ཁེ་ལས་བར་གྱི་ཐོན་དབང་དང་། མ་རྩ། ལས་སྒོ་བཅས་མཉམ་འབྲེལ་ལ་ཤུགས་སྣོན་པ་དང་། རོང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་དང་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་ཡག་པོར་འཛུགས་དགོས། ཞབས་ཞུའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་། ཞིང་སྡེའི་འཁོར་རྒྱུག་དྲ་རྒྱའི་མ་ལག་དང་དངོས་རྒྱུ་གལ་ཆེན་གསོག་ཉར་མ་ལག ཞིང་ཞོར་ཐོན་རྫས་ཀྱི་འཁྱགས་གསོས་དངོས་རྒྱུག་མ་ལག ཞིང་ཕྱུགས་ཐོན་རྫས་གཙོ་བོའི་འགན་སྲུང་མ་ལག་སོགས་བརྟན་པོར་བཙུགས་ནས། ཕྱོགས་བསྡུས་རང་བཞིན་དང་གཞི་ཁྱོན་ཅན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་ཞིང་སྡེར་ཞབས་འདེགས་ཞུ་བའི་རྐྱེན་སྲོལ་གྲུབ་པར་བྱེད་དགོས། རོང་འབྲོག་ལས་ཀྱི་སྤུས་ལེགས་ཟོང་རྟགས་བསྐྲུན་པའི་འཆར་གཞིར་དམིགས་ནས། རོང་འབྲོག་ལས་ཚད་གཞི་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་མཉམ་འདྲེས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ། རོང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལྷ་མོ་འཚོས་བསྒྱུར།