ཟླ4བའི་ཚེས22ཉིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་དེ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དུ་བསྒྱུར་བའི་སྐོར་གྱི་མཆན་ལན》ཞེས་པ་སྤེལ་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གཉིས་པ་དེ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དུ་རྩིས་ལེན་བྱེད་པར་ཡིད་འཐད་བྱུང་བ་དེས། མཚོ་བྱང་ཁུལ་གྱིས་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཐོག་མ་གསར་བསྐྲུན་བྱས་པ་དང་། སྨན་ཁང་དེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་མགོ་བརྩམས་པ་མཚོན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། རིམ་པ་གསུམ་པའི་སྨན་ཁང་གསར་འཛུགས་ཀྱི་བྱ་བའི་མགོ་བརྩམས་པ་ནས་བཟུང་། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ནན་ཏན་སྒོས་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་པུའུ་ཨུ་དང་ཞིང་ཆེན་ཏང་ཨུ་ཡིས་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་བྱ་བའི་འགན་འཁྲི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། རིམ་པ་གསུམ་པའི་སྨན་ཁང་གསར་འཛུགས་བྱ་བ་དེ་ལས་རིམ་གལ་ཆེན་ཁྲོད་བཞག་སྟེ། ཁུལ་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་གསར་སྐྲུན་ཚད་ལོངས་བྱ་བ་དམ་འཛིན་བྱས་པ་མ་ཟད། ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་དང་། རིམ་པ་གསུམ་པའི་སྨན་ཁང་གསར་འཛུགས་འཆར་གཞི་བཟོ་བ། རྩ་འཛུགས་པུའུ་དང་། ལས་ཁུངས་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། བདེ་ཐང་འཕྲོད་བསྟེན། ནོར་སྲིད་སོགས་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་མཉམ་འབྲེལ་སྒོས་བྱ་བའི་འགྲོས་ཚད་ལ་སྐུལ་འདེད་བཏང་། ཉེ་བའི་ལོ་གཉིས་རིང་ཁྱོན་སྡོམ་ཧྲན་ཏུང་གིས་མཚོ་སྔོན་རོགས་སྐྱོར་ཆེད་མཁས་པ84མངགས་སྟེ་ཚོགས་སྒྲིག་རྣམ་པས་ཁུལ་མི་དམངས་སྨན་ཁང་གཉིས་པའི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན“མཚོ་སྐོར་སྨན་བཅོས་རོགས་སྐྱོར”སོགས་ཕྱོགས་སོ་སོའི་ཆེད་མཁས་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་རོགས་སྐྱོར་གྱི་ཡོན་ཀྲང་དང་ཡོན་ཀྲང་གཞོན་པ། སྤྱིའི་རྩིས་གཉེར་བ། ལྟེ་གནས་ལྔའི་ཀྲུའུ་རིན་སོགས་མཚོ་སྔོན་རོགས་སྐྱོར་འཇོན་མིས་སྨན་པ་དང་ལག་རྩལ། ནད་གཡོག དོ་དམ། ཟུར་ཁྲིད་སོགས་ཀྱི་ཕྱོགས་ནས་ཤུགས་འདོན་པར་སྐུལ་འདེད་བྱས། སྨན་ཁང་ལ་ལས་གནས34ཁ་སྣོན་བྱས་པ་དང་། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་ལས་སྒྲུབ་པ15འདེམ་ནས་ཁུལ་སྨན་ཁང་གཉིས་པ་རུ་སློབ་སྦྱོང་བྱས་ལ། མི་ཤུགས་འདང་བར་བྱས་ནས་མཁོ་སྒྲུབ་འགན་སྲུང་ཡོད་པ་དང་། ཁུལ་དང་རྫོང་རིམ་པའི་མི་ཤུགས་དང་ནོར་ཤུགས། དངོས་ཤུགས་བཅས་ལ་བརྟེན་ནས་འགག་སྒྲོལ་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས། མཚོ་བྱང་ཁུལ་གྱིས་རིམ་པ་གསུམ་པའི་སྨན་ཁང་གསར་སྐྲུན་གྱི་འཕེལ་རིམ་གཞིར་བཟུང་ནས། རིགས་སྟོབས་རྒྱབ་སྐྱོར་དང་། འཇོན་མི་གསོ་སྐྱོང་། སྨན་ཁང་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་མུ་མཐུད་དུ་ནུས་ཤུགས་བཏོན་ཏེ། སྟོབས་ཤུགས་གཅིག་སྒྲིལ་ངང་རིམ་པ་གསུམ་པའི་སྨན་ཁང་གསར་འཛུགས་ལེགས་འགྲུབ་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།