མཚོ་སྔོན་གྱི་ས་ཆ་དགུ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་དང་རྫོང་དུ་བདམས།
2025.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4བའི་ཚེས24ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་མི་དོན་ཐིན་ནས་ཤེས་གསལ་ལྟར་ན། ཉིན་འགའི་སྔོན་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང(རྫོང)གི་མིང་ཐོའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང9བདམས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང(ཁུལ)8ཚང་མར་ཁྱབ་ཡོད། དེར་བརྟེན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང(རྫོང)20ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)ཞེས་སྔ་རྗེས་སུ་མིང་བཏགས་ཡོད་པ་རེད།

ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང(རྫོང)གི་མིང་ཐོའི་ཁྲོད་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་བཅས་ཀྱི་མིང་ཐོ་ཡོད་པ་རེད། ཐེངས་འདིར་མཚོ་སྔོན་ཞིང་ཆེན་ལ་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་དང(རྫོང)གཉིས་གསར་སྣོན་བྱུང་ཡོད་ལ། ན་གོར་མོ་གྲོང་ཁྱེར་ནི་ཐེངས10ལ་བདམས་པ་དང་། ཟི་ལིང་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)”གྱི་མཚན་སྙན་ཐེངས9ལ་ཐོབ་ཅིང་། རྨ་ཆེན་རྫོང་དང་མུན་ཡོན་ཧོས་རིགས་རང་སྐྱོང་རྫོང་ལ་མཚན་སྙན་འདི་ཐེངས་དང་པོར་ཐོབ་པ་རེད། མཚོ་སྔོན་ཞིང་ཆེན་གྱི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོར་མཚོན་ཡོད།

རྒྱལ་ཡོངས་སུ་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང(རྫོང)གཏན་འབེབས་བྱེད་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། མཚོ་སྔོན་གྱི་གཉིས་བཀུར་ལས་དོན་དེ་བཅའ་སྡོད་དཔུང་སྡེའི་ས་ཚིགས་ཀྱི་ལམ་ཐིག་མང་བ་དང་མི་རིགས་མང་པོ་འདུས་སྡོད་བྱེད་པ་སོགས་ཞིང་ཆེན་གྱི་དོན་དངོས་ལ་གཞི་ཚུགས་པ། མི་རིགས་མཐུན་སྒྲིལ་དང་དམག་སྲིད་དམག་དམངས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དུས་རབས་ཀྱི་ཁྱད་ཆོས་དང་ས་མཐོའི་ཁྱད་ཆོས་ལྡན་པའི་གཉིས་བཀུར་ལས་དོན་རབ་དང་རིམ་པ་རྒྱ་ཁྱབ་ངང་སྤེལ་ནས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་དང་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད། 

གསར་འགོད་པའི་ཤེས་གསལ་ལྟར་ན། མཚོ་སྔོན་གྱིས་འགྲོ་གྲོན་དང་། འགྲིམ་འགྲུལ། གླ་རིན་མི་ལེན་པར་སྔོན་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས། ཁྲལ་བསྡུ་མེད་པར་གཏོང་བ།  དམག་མིའི་ཁྱིམ་མིར་བྱ་བ་བཀོད་སྒྲིག་བྱེད་པ།  དམག་མིའི་བུ་ཕྲུག་མངག་བཅོལ་ལྟར་སློབ་གྲྭར་ཞུགས་པ་སོགས་ཕྱོགས་མང་པོའི་ཐད་ནས་དམག་བཀུར་ཁྱིམ་སྐྱོང་གི་ཞབས་ཞུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་པ་དང་།  གཉིས་བཀུར་དྲིལ་བསྒྲགས་སློབ་གསོའི“དྲུག་སྤེལ”གྱི་བྱེད་སྒོར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱིས་ཞིང་ཆེན་རིམ་པའི་རྒྱལ་སྲུང་སློབ་གསོའི་རྟེན་གཞི13ལ་མིང་བཏགས་པ། གྲོང་ཁྱེར་དང(ཁུལ)8ཚང་མར་རྒྱལ་སྲུང་སློབ་གསོའི་འགོ་ཁྲིད་སྒྲིག་གཞི་བཙུགས་པ། ལོ་ཆུང་དམག་དོན་སློབ་གྲྭ15བཙུགས་པ། བརྒྱ་ཆའི90ཡན་གྱི་སློབ་གྲྭ་ཆུང་འབྲིང་དུ་རྒྱལ་སྲུང་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་པ། ལོ་རེར་འབྲིང་རིམ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་འབྲིང་རིམ་སློབ་མ་འབུམ་གཉིས་ཙམ་ལ་རྒྱལ་སྲུང་སློབ་གསོ་དང་དམག་དོན་སྦྱོང་བརྡར་བྱས་པས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཁྱབ་ཚད་བརྒྱ་ཆའི95ཡན་ཟིན་ཡོད། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གིས་དམག་དོན་ལས་འགན་ལེགས་འགྲུབ་བྱེད་པ་དང་དུས་མཚུངས་སུ། མཚོ་སྔོན་བརྟན་འཇགས་དང་དམངས་འཚོར་ཕན་པའི་དོན་བཟང་ཏན་ཏིག་གིས་བསྒྲུབས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས། ས་གནས་བྱ་གཞག་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་ནས་བཅའ་སྡོད་བྱེད་སའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་ཡོད།

ཚེ་མགོན་རྒྱལ་གྱིས་བསྒྱུར།