མཚོ་སྔོན་གྱིས་ལྔ་གཅིག་ལས་འགུལ་སྔོན་ལ་ལྟ་སྐོར་ཁྲོམ་རའི་རིན་གོང་ལ་ལྟ་སྐུལ་ཞིབ་བཤེར་བྱས།
2025.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ4པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན།  ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་ཡུལ་སྐོར་ཁྲོམ་རའི་རིན་གོང་ཁོར་ཡུག་ཇེ་བཟང་དུ་གཏོང་བ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཆེད། ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁུལ་དང་རྫོང་རིམ་པའི་ཅུའུ་རྩ་འཛུགས་མཐུན་སྦྱོར་བྱས་ཏེ། ཚྭ་ཁ་དང་། མཚོ་སྔོན་པོའི་སོགས་མཛེས་ལྗོངས་ཁུལ་དུ་སོང་ནས་ཡུལ་སྐོར་ཁྲོམ་རའི་དུས་ཆེན་སྔོན་གྱི་རིན་གོང་ལྟ་སྐུལ་ཞིབ་བཤེར་བྱས་ནས། ཁོངས་གཏོགས་ས་ཁུལ་གྱི་ལྟ་སྐུལ་འགན་འཁྲི་དང་ཚོང་གཉེར་གཙོ་བོའི་འགན་འཁྲི་དངོས་འབེབ་ནན་མོ་བྱས།

ལོ་སྔོན་མའི་ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་གྱི་གནས་ཚུལ་གཞིར་བཟུང་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ལྗོངས་ཁུལ་གཙོ་བོ་ལ་དམིགས་བཙུགས་ཏེ། བཟའ་བཏུང་དང་ཡུལ་སྐོར། ཉོ་འཚོང་དང་རོལ་རྩེད་སོགས་ཀྱི་གོ་རིམ་ལ་ཞིབ་བཤེར་བྱས་པ་དང་། ཚྭ་འདམ་གཞོང་གི་ནམ་མཁའ་དང་པོ་དང་། མཁའ་དབྱིངས་ཀྱི་མེ་ལོང་། མཚོ་སྔོན་པོའི་རྟ་ནག་མ་སོགས་ལྗོངས་ཁུལ་དུ་སོང་ནས། ལྗོངས་ཁུལ་གྱི་པ་སེ་རིན་གོང་དེ་སྲིད་གཞུང་གིས་གཏན་འཁེལ་བྱས་པ་དེ་གཞིར་བཟུང་ཡོད་མེད་དང་། སྲིད་ཇུས་གསར་བའི་ཁེ་བཟང་གི་ཚད་གཞི་དེ་ལག་བསྟར་དང་སྤྱི་བསྒྲགས་བྱས་ཡོད་མེད། རིན་གོང་གསལ་བོ་བཟོས་ཡོད་མེད་དང་། རྩིས་ཐོ་གྱང་ངོས་སུ་བཀལ་ཡོད་མེད་སོགས་ཕྱོགས་བདུན་ལ་ཞིབ་བཤེར་བྱས་པ་དང་། ཚད་ལྡན་མིན་པའི་གནད་དོན་ཉེར་བཞི་ལྷག་ཡུལ་དངོས་ནས་དག་ཐེར་ལེགས་བཅོས་བྱས།

ཁྲིམས་བསྟར་མི་སྣས་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་མཉམ་དུ་ལྗོངས་ཁུལ་གྱི་འགན་ཁུར་མི་སྣ་དང་འབྲེལ་ཡོད་ཚོང་གཉེར་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས་དང་། ཁྲིམས་འགལ་རིན་གོང་བྱ་སྤྱོད་ལ་སྲིད་འཛིན་ཆད་གཅོད་བྱེད་པའི་གཏན་འབེབ། རིན་གོང་གཡོ་བསླུ་གཏན་འགོག་བྱེད་པའི་གཏན་འབེབས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་རིན་གོང་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། ཡུལ་དངོས་སུ་ཚད་ལྡན་མཛུབ་སྟོན་དང་གནད་དོན་དག་ཐེར་བྱས་ནས། ཚོང་གཉེར་པའི་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་སུ་བཏང་ལ། རིན་གོང་གི་རང་གཅུན་ལ་སྣེ་ཁྲིད་བྱས། ཁྲིམས་ཤེས་པ་དང་ཁྲིམས་སྲུང་ནས། རིན་གོང་གཡོ་བསླུའི་ཉེན་ཁ་ལས་གཡོལ་བ་དང་། ཁྲིམས་ལྟར་ཚད་ལྡན་ཚོང་གཉེར་བྱས་ནས། མཚོ་སྔོན་གྱི་ཡུལ་སྐོར་དཔལ་ཡོན་སྣང་བརྙན་ཇེ་བཟང་དུ་བཏང་།

ལྟ་སྐུལ་ཞིབ་བཤེར་གྱི་སྐབས་སུ་ལྗོངས་ཁུལ་ཁ་ཤས་ནས་པ་སེ་རིན་གོང་ཚད་ལྡན་མིན་པ་དང་། ཉོ་འཚོང་གི་རིན་གོང་གསལ་བོ་མིན་པ། ཟ་ཁང་ལ་ལས་དུས་ཚིགས་ལྟར་རིན་གོང་བཟོ་བཅོས་བྱས་ཡོད་པ། ཁྱད་ལྡན་ཚལ་རིགས་དང་ལུག་ཤ་སོགས་ཀྱི་རིན་གོང་གསལ་བོ་མིན་པ་སོགས་གནད་དོན་ལ་ཁ་གཏད་ནས། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལས་རིགས་སྡེ་ཁག་སོ་སོར་ལྟ་སྐུལ་འགན་འཁྲི་གསལ་བོར་བཟོས་ནས། ལྗོངས་ཁུལ་གྱི་འགན་འཁུར་གཙོ་བོ་དངོས་འབེབ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་བའི་བླང་བྱ་ནན་མོ་བཏོན། དུས་མཉམ་དུ། དུས་རིམ་སྔོན་མའི་ནང་ཤེས་རྟོགས་བྱུང་བའི་ཐེངས་གཅིག་རང་བཞིན་གྱི་ཟས་སྣོད་ཀྱི་རིན་གོང་གསལ་བོ་མིན་པ་སོགས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་ཟིན་པ་ལའང་ཡང་བསྐྱར་ཞིབ་བཤེར་བྱས།

ཏིང་འཛིན་མཚོ་མོས་བསྒྱུར།