ཟླ4པའི་ཚེས17ཉིན། ཐེན་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། རྨ་ལྷོ་ཁུལ་ལས་ཞུགས་ཞབས་ཞུའི་ཅུའུ་ཡིས་འགན་ཁུར་ནས་བསྒྲུབས་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་རིགས་མཛུབ་སྟོན་དང་སྐོར་འགྲེལ་བྱ་འགུལ་ཐུན་རིན་གྲོང་ཁྱེར་ལས་སྐྲུན་སྐྱེད་སྲིང་རྟེན་གཞི་རུ་བསྡུས།
སྐོར་འགྲེལ་བྱ་འགུལ་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་ལས་ཞུགས་བརྒྱུད་རིམ་དང་བྱ་བའི་མྱོང་ཚོར་གླེང་བར་བརྟེན་ནས་འགོ་བརྩམས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ཞུགས་གནས་བབ་ལ་རྒྱུས་ལོན་བྱེད་པ་དང་ལས་ཞུགས་ཀྱི་མིག་རྒྱ་ཆེར་སྐྱེད་པ། ཡང་དག་པའི་ལས་ཞུགས་ལྟ་བ་འཛུགས་པར་སྣེ་ཁྲིད་བྱས། ལས་རིགས་མཛུབ་སྟོན་གྱི་འཆད་ཁྲིད་སྐབས་སུ། འགན་སྒྲུབ་ལས་ཁུངས་ཀྱིས་ལས་རིགས་འཆར་འགོད་པ་གདན་དྲངས་པ་དང་། རི་མོ་བྲིས་ནས་ཕན་ཚུན་རྒྱུས་ལོན་བྱེད་པའི་རྣམ་པར་བརྟེན་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་དགའ་ཕྱོགས་དང་འཇོན་ནུས། སྤྱི་ཚོགས་ཀྱི་དགོས་མཁོ་བཅས་ཕྱོགས་གསུམ་ཐད་ནས་རང་ཉིད་ཀྱི་ལས་རིགས་ཁྱད་ཆོས་དང་ལས་རིགས་འཆར་གཞི་ལ་རྒྱུས་ལོན་བྱེད་དུ་བཅུག དཔེ་གཞིར་དབྱེ་ཞིབ་བྱས་པ་བརྒྱུད་དེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་རྒྱབ་སྐྱོར་དང་ལས་སྐྲུན་ཁ་གསབ། རྩལ་ནུས་གསོ་སྦྱོང་སོགས་ཀྱི་སྲིད་ཇུས་ནང་དོན་འགྲེལ་བཤད་གསལ་བོ་བྱས་པ་དང་། མཐོ་རིམ་མཐར་ཕྱིན་སློབ་མར་ཁ་ཕྱོགས་པའི་གནད་ཕིགས་རོགས་སྐྱོར་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་།
ཐེངས་འདིའི་སྐོར་འགྲེལ་བྱ་འགུལ་གྱིས། ཤེས་བྱའི་ནུས་འདོན་དང་སྲིད་ཇུས་ཀྱི་སྣེ་ཁྲིད། དངོས་འཐབ་སྦྱོང་བརྡར། རྗེས་འདེད་ཞབས་ཞུ་བཅས་ཟུང་འབྲེལ་བྱས་པའི་མ་དཔེ་གསར་གཏོད་ཇུས་འགོད་བྱས་པ་དང་། ལས་རིགས་ཀྱི་དཔྱད་བསྡུར་གཏན་འབེབས་དང་ལག་བསྟར་མཛུབ་སྟོན་བྱས་པ་བརྒྱུད་དེ། ལས་འཚོལ་མི་སྣར་དེ་དང་འཚམ་པའི་ལས་རིགས་ཇུས་གཞི་སྒྲིག་བཟོ་བྱས་པ་དང་། ལས་འཚོལ་མི་སྣའི་དགའ་ཕྱོགས་དང་ནུས་པ། གཤིས་ཀ་སོགས་གཞིར་བཟུང་ནས། དཔྱད་བསྡུར་གཏན་འབེབས་དང་མཛུབ་སྟོན། འཆར་འགོད་བཅས་ཕྲེང་འབྲེལ་ཧྲིལ་བོའི་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བར་རོགས་བྱས་པ་དང་། ཁུལ་ཡོངས་ཀྱི་ལས་ཞུགས་བརྟན་འཇགས་དང་ལས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།