གསར་འགོད་པས་ན་གོར་མོ་གྲོང་ཁྱེར་ཞིང་ཕྱུགས་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་གོར་མོ་གྲོང་ཁྱེར་གྱིས་རྒྱ་ཁྱོན་ཇེ་བརྟན་དུ་གཏོང་བ་དང་ཐོན་ནུས་ཇེ་མཐོར་གཏོང་བ། གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་གཙོ་བོར་བརྩིས་པ་དང་། སྲིད་ཇུས་ཀྱི་སྣེ་ཁྲིད་དང་དངོས་ཟོག་གི་འགན་སྲུང་། ལག་རྩལ་གཞི་རིམ་དུ་སྐྱེལ་བ་སོགས་ཀྱི་དངོས་གཉེར་བྱེད་ཐབས་བརྒྱུད་དེ། དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཀྱི་ལས་འགན་སྣ་ཚོགས་ལ་གཅིག་འདོམས་བྱས་པ་དང་། ལོ་ཧྲིལ་བོའི་ཞིང་ལས་ཐོན་སྐྱེད་བརྟན་འཇགས་དང་ཡོང་སྒོ་འཕར་སྣོན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།
རྒྱུས་ལོན་བྱུང་བ་ལྟར་ན། ན་གོར་མོ་གྲོང་ཁྱེར་ཞིང་ཕྱུགས་སྡེ་ཁག་གིས་བྱང་བུ་སྟེར་བ་དང་ཞིང་ཁའི་དྲིལ་སྒྲོག་ཚོགས་འདུ་བསྡུས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སོགས་ཞིང་ཕན་སྲིད་ཇུས་དྲིལ་སྒྲོག་བཟང་བོ་བྱས། མིག་སྔའི་བར་དུ། ན་གོར་མོ་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་དང་སྣུམ་རྒྱུ། སྔོ་ཚལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་འཆར་གཞི་ལྟར་ལག་བསྟར་བྱས་པ་དང་། འདེབས་འཛུགས་ཀྱི་གྲུབ་ཚུལ་རྒྱུན་མ་ཆད་པར་ལེགས་སྒྱུར་བྱས། ཞིང་ལས་རྒྱུ་ཆའི་འགན་སྲུང་ནི་དཔྱིད་རྨོ་གྲ་སྒྲིག་གི་གནད་འགག་བྱ་བ་ཡིན། ན་གོར་མོ་གྲོང་ཁྱེར་གྱིས་ས་བོན་དང་ལུད་རྫས་སོགས་དགོས་ངེས་ཀྱི་ཐོན་སྐྱེད་དངོས་ཟོག་ཉར་གསོག་བྱེད་པར་གཅིག་འདོམས་བྱས་པ་མ་ཟད། ཞིང་ལས་རྒྱུ་ཆའི་ཚོང་རའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ་ནས། གཙོ་བོར་ཞིང་སྨན་དང་ལུད་རྫས། ཞིང་ལས་འཕྲུལ་ཆས་སོགས་ཐོན་རྫས་ཀྱི་སྤུས་ཚད་ལ་ཞིབ་བཤེར་བྱས་པ་དང་། ཞིང་ལས་རྒྱུ་ཆ་རྫུན་མ་བཟོ་འཚོང་བྱེད་པའི་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱས་ཏེ། ཞིང་བས་སེམས་བདེ་ས་བོན་དང་ལུད་རྫས་བཟང་བོ་བཀོལ་ཐུབ་པར་ཁག་ཐེག་བྱས།
དེ་ལས་གཞན། ན་གོར་མོ་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ལས་རྒྱུ་ཆའི་རིན་གོང་ལྟ་ཞིབ་ཉེན་བརྡར་ཤུགས་བསྣན་པ་དང་། ལུད་རྫས་དང་ཞིང་སྤྱོད་འགྱིག་ཤོག ས་བོན་སོགས་རིགས་ཆེན་པོ་བཞི་ཡི་སྣ་གྲངས་བཅུ་གཉིས་ལ་འགུལ་རྣམ་རྗེས་འདེད་བྱས། ལྟ་ཞིབ་ལས་མངོན་པ་ལྟར་ན། མིག་སྔར་ཞིང་ལས་རྒྱུ་ཆའི་ཚོང་རའི་མཁོ་སྤྲོད་འདང་བ་དང་འཁོར་རྒྱུག་གེགས་མེད་ཡིན་ལ། ས་བོན་གྱི་རིན་གོང་བརྟན་འཇགས་ཡིན་པ་དང་ཞིང་སྨན་གྱི་རིན་གོང་བརྟན་ཐོག་མང་ཆག་ཡིན་ལ། སྤྱིའི་རིན་གོང་ཆུ་ཚད་ལུགས་དང་མཐུན་པའི་བར་མཚམས་སུ་རྒྱུན་འཁྱོངས་བྱས་ནས། དཔྱིད་རྨོ་གྲ་སྒྲིག་ཐད་ཚོང་རའི་ཁོར་ཡུག་བཟང་བོ་བསྐྲུན།
རིན་ཆེན་མཚོས་བསྒྱུར།