2024ལོའི་ཟླ12པར། ཞིང་ཆེན་ཚོང་དོན་ཐིན་གྱིས་ཚོང་དོན་གྱི་གཟའ་འཁོར་གཉིས་ཀྱི་སྒོར་ཅོག་ཚོགས་འདུ་བསྡུས་ནས། དམངས་ཀྱི་འདོད་བློ་དང་བསམ་འཆར་འདྲི་བ། ཁེ་ལས་ཀྱི་བསམ་འཆར་དང་གྲོས་གཞི་འདྲི་བའི་འགུལ་སྐྱོད་སྤེལ་བ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་འདྲིས་སྟེགས་བུ་བསྐྲུན་ཞིང་། དམངས་ལ་ཕན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ནུས་པ་བཏོན་ཏེ། སྲིད་ཇུས་གནད་འཁེལ་སྒོས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་དང་། གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། ཞབས་ཞུའི་ཚད་གཞི་མཐོ་རུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་རིམ་འདེགས་ལ་རོགས་ཤུགས་བཏོན། མིག་སྔའི་བར། སྒོར་ཅོག་ཚོགས་འདུ་ཐེངས་བརྒྱད་བསྡུས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཚོང་དོན་ཐིན་གྱིས་སྒོར་ཅོག་ཚོགས་འདུ་དེ་གཟའ་འཁོར་གཉིས་ལ་ཐེངས་གཅིག་རེར་སྤེལ་བཞིན་ཡོད་པ་དང་། ལོ་ཧྲིལ་བོར་ཐེངས་ཉེར་དྲུག་བཀོད་སྒྲིག་བྱས་ཡོད་ལ། ས་གནས་ཚོང་དོན་གཙོ་གཉེར་སྡེ་ཁག་དང་ཁེ་ལས་ཀྱི་འཐུས་ཚབ་པས་བཏོན་པའི་རེ་འདུན་དང་གྲོས་གཞིར་དམིགས་ནས། རྒྱུན་རྣམ་ཅན་གྱི་སྲིད་གཞུང་དང་ཁེ་ལས་འབྲེལ་འདྲིས་བྱེད་པ་དང་སྡེ་ཁག་མཐུན་སྦྱོར་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས། ཚོགས་འདུ་ལས་རྐྱེན་སྲོལ་འཛུགས་པའི་ཐད། འགན་བགོས་མགོ་ཁྲིད་ཀྱི་མགོ་འཛིན་ལམ་ལུགས་ལག་བསྟར་བྱས། ལོ་ཧྲིལ་བོའི་གཙོ་གནད་བྱ་བར་དམིགས་ནས། འགན་བགོས་མགོ་ཁྲིད་ཀྱིས་ཚོང་དོན་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་འཛད་སྤྱོད། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན། གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་པ་སོགས་བརྗོད་གཞི་ཡིན་པའི་སྒོར་ཅོག་ཚོགས་འདུ་ཐེངས་ལྔར་མགོ་འཛིན་བྱས་ཏེ། མཉམ་དུ་བསམ་ཕྱོགས་འཆར་འགོད་བྱས་པ་དང་བྱེད་ཐབས་ལ་ཞིབ་འཇུག་བྱས། དེ་དང་མཉམ་དུ་སྡེ་ཁག་སོ་སོས་ལས་བགོས་འགན་སྒྲུབ་ལམ་ལུགས་ལག་བསྟར་བྱས་པ་དང་། ལས་དོན་སྡེ་ཁག་གིས་ཉིན་རྒྱུན་ལས་སྒོའི་བྱ་བ་དངོས་ལ་དམིགས་ཤིང་། གཞི་རིམ་རྟོག་ཞིབ་དང་ལས་ཡུལ་དང་པོའི་ཞབས་ཞུ་སོགས་ཀྱི་གོ་སྐབས་དང་ཟུང་འབྲེལ་བྱས་ནས། སྒོར་ཅོག་ཚོགས་འདུ་རྩ་འཛུགས་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་བྱས་ལ། བསམ་འཆར་དང་གྲོས་གཞིར་ཉན་པ་དང་། མཐུན་སྦྱོར་སྒོས་དཀའ་ཁག་ཐག་གཅོད་བྱས་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་སྐྱེད།
ཚོགས་འདུའི་སྔོན་ལ། དམིགས་ཡུལ་ཡོད་པའི་ཁེ་ལས་གཙོ་བོར་འདྲི་རྩད་བྱས་པ་བརྒྱུད། ཁེ་ལས་ཀྱི་རེ་འདུན་ལ་རྒྱུས་ལོན་བྱས་པ་དང་། ཐུན་མོང་རང་བཞིན་གྱི་གནད་དོན་གསེད་བཀྲོལ་བྱས་ཤིང་། གློག་རྡུལ་ཉོ་ཚོང་གི་འདོན་སྤྲོད་ཕྲེང་སྦྲེལ་ཆ་ཚང་མིན་ལ་སྒེར་གྱི་ཟོང་རྟགས་བསྐྲུན་པའི་ནུས་པ་མི་འདང་བ། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་དེ་རོང་འབྲོག་ཁུལ་དུ་དྲིལ་སྒྲོག་བྱེད་ཐེངས་ཇེ་མང་དུ་གཏོང་བ། ཁེ་ལས་ཀྱི་ཡིད་རྟོན་སླར་གསོ་སོགས་རིགས་མི་འདྲ་བའི་གནད་དོན་ཁག་བཅོ་ལྔ་རྒྱ་ཆེར་འཚོལ་བསྡུ་བྱས།
དེ་དང་མཉམ་དུ། ཞིང་ཆེན་ཚོང་དོན་ཐིན་དང་ནང་འདྲེན་ཕྱིར་གཏོང་དངུལ་ཁང་ཧྲན་ཞི་ཡན་ལག་དངུལ་ཁང་དང་། ཀྲུང་གོའི་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཀུང་ཟི་ཧྲན་ཞི་ཡན་ལག་ཀུང་ཟི། དེ་མིན་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་ལས་ཁུངས་མང་པོ་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་རྐྱེན་སྲོལ་བཙུགས་ཤིང་། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་ལས་ཁུངས་མཐུན་སྦྱོར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚོང་དོན་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱུ་ནོར་མེད་པའི་གཏའ་འཇོག་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་འགན་ཐོ་དངུལ་འདྲེན་ཁེ་ལས་ཀྱི་མིང་ཐོའི་ཁྱབ་ཁོངས་རྒྱ་བསྐྱེད། ཕྱོགས་མང་པོའི་བློ་གྲོས་གཅིག་སྡུད་བྱེད་པའི་ཐད། ལས་རིགས་ཀྱི་ཆེད་མཁས་པ་དང་། ཁེ་ལས་ཀྱི་འཇོན་མི། ལས་ཡུལ་དང་པོའི་ལས་བཟོ་པ་བཅས་ཚོགས་འདུར་ཞུགས་པར་གདན་ཞུ་བྱས་པར་མ་ཟད། ཁྱིམ་ཚང་གཅིག་ལ་བསྐྱོད་པ་སོགས་ཁེ་ལས་ཀྱིས་ཡུལ་དངོས་ནས་ཚོང་ཁང་གི་ཚོང་གཉེར་དང་འདོན་སྤྲོད་ཕྲེང་སྦྲེལ་གྱི་འཁོར་རྒྱུག གསོག་དངོས་དབོར་སྐྱེལ་སོགས་ཀྱི་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་དང་། ཁེ་ལས་འཕེལ་རྒྱས་འགྲོ་བར་མཛུབ་སྟོན་ཞབས་ཞུ་འདོན་སྤྲོད་བྱས། དེ་ལས་གཞན། སྡེ་ཁག་བར་གྱི་མཉམ་ལས་མཉམ་ཤུགས་ཇེ་ཆེར་བཏང་བ་དང་། ཐེངས་རེའི་ཚོགས་འདུའི་ནང་དོན་དང་ཞབས་ཞུ་བྱ་ཡུལ་ལ་གཞིགས་ནས། འབྲེལ་ཡོད་དམངས་ཆེན་འཐུས་མི་སྲིད་གྲོས་ཨུ་ཡོན། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་བཅས་ཚོགས་འདུར་ཞུགས་པར་གདན་ཞུ་བྱས་ཏེ། ཡུལ་དངོས་སུ་སྲིད་ཇུས་དྲིལ་སྒྲོག་དང་། དྲི་བར་ལན་བཏབ་ནས་དོགས་གནད་སེལ་ཞིང་། ཁེ་ལས་ལ་བརྒྱུད་རིམ་ཧྲིལ་བོའི་ཞབས་ཞུ་འདོན་སྤྲོད་བྱས།
ལྷ་མོ་འཚོས་བསྒྱུར།