མཚོ་ལྷོ་ཁུལ་གྱིས་རྙིང་ཚབ་གསར་བརྗེ་ལ་བརྟེན་ནས་འཛད་སྤྱོད་བྱས་ཚད་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་ཁྲི་དྲུག་སྟོང་གསུམ་ལ་སླེབས་ཡོད།
2025.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཆ་འཕྲིན་ཅན་སྡེ་ཁག་ནས་ཤེས་གསལ་ལྟར་ན། རྙིང་ཚབ་གསར་བརྗེ་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། མཚོ་ལྷོ་ཁུལ་གྱི་འཛད་སྤྱོད་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། མིག་སྔའི་བར་ཁུལ་ཡོངས་སུ་རྙིང་ཚབ་གསར་བརྗེ་ལ་རེ་ཞུ་བྱེད་མཁན་མི་སྟོང་གསུམ་དང་བརྒྱད་བརྒྱ་ཞེ་གཅིག་ཡོད་ལ། འཛད་སྤྱོད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་ཁྲི་དྲུག་སྟོང་གསུམ་ལ་སླེབས་ཡོད།

རྙིང་ཚབ་གསར་བརྗེའི་སྲིད་ཇུས་རྒྱུན་ཆད་མེད་པར་ལག་བསྟར་བྱས་པ་དང་བསྟུན་ནས། མཚོ་ལྷོ་ཁུལ་གྱི་འཛད་སྤྱོད་ཀྱི་སྦས་ཤུགས་ཇེ་ཆེར་སོང་སྟེ། གྲངས་འཛིན་ཐོན་རྫས་དེ་ཁུལ་ཡོངས་ཀྱི་འཛད་སྤྱོད་བྱེད་ཚད་ཆེས་མཐོ་བའི་རིགས་སུ་གྱུར་ཡོད། 2025ལོའི་སྐོར་ཐེངས་གསར་པའི་འཛད་སྤྱོད་དངོས་ཟོག་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པ་ལག་བསྟར་བྱེད་མགོ་བརྩམས་པ་དང་ཆབས་ཅིག མཚོ་ལྷོ་ཁུལ་གྱིས་འཛད་སྤྱོད་དངོས་ཟོག་རྙིང་ཚབ་གསར་བརྗེའི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་སྐུལ་འདེད་ཏན་ཏིག་བཏང་བ་དང་། 《མཚོ་ལྷོ་ཁུལ་གྱི2025ལོའི་ཚོང་དོན་ཁྱབ་ཁོངས་སུ་འཛད་སྤྱོད་དངོས་ཟོག་ཇེ་མང་དུ་བཏང་ནས་རྙིང་ཚབ་གསར་བརྗེའི་ལག་བསྟར་ཞིབ་སྲོལ》བཟོས་ཏེ།  ཞིང་ཆེན་རིམ་པས་རླངས་འཁོར་རྙིང་ཚབ་གསར་བརྗེ་དང་།  རླངས་འཁོར་གསར་པ་ཉོ་བ། ཁྱིམ་ཆས་རྙིང་ཚབ་གསར་བརྗེ། གྲངས་འཛིན་ཐོན་རྫས་གསར་པ་ཉོ་སྒྲུབ། ཁྱིམ་ཆས་འཛད་སྤྱོད་དངོས་ཟོག་གི་གསར་བརྗེ། ཁང་པ་མཛེས་སྤྲས་བྱེད་པ།  གློག་སྒུལ་ལྕགས་རྟའི་རྙིང་ཚབ་གསར་བརྗེ་བཅས་ཁྱབ་ཁོངས་བརྒྱད་གསར་དུ་ཁ་སྣོན་བྱས་པའི་རྨང་གཞིའི་ཐོག་མཚོ་ལྷོ་ཁུལ་གྱིས་སྒོར་འབུམ་གཅིག་མན་གྱི་ཁྱིམ་སྤྱོད་དངོས་སྐྱེལ་རླངས་འཁོར་ཆུང་གྲས་དང་འོད་ནུས་གློག་ཁུངས་སོགས་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་རིགས6ཁ་གསབ་ཀྱི་ཁྱབ་ཁོངས་སུ་བཞག་ནས་ཁ་གསབ་མ་དངུལ་བྱིན་པ་དང་། ཁ་གསབ་རེ་ཞུའི་དུས་ཡུན་དང་སྲིད་ཇུས་ལག་བསྟར་ལས་རིམ་སོགས་ཁ་གསལ་བཏོན་ཡོད།

སྲིད་ཇུས་ཀྱི་ཁེ་བཟང་རྒྱུན་ཆད་མེད་པར་མཉམ་སྤྱོད་བྱ་ཆེད། མཚོ་ལྷོ་ཁུལ་གྱིས་ཁུལ་དང་རྫོང་གིས་མཉམ་འབྲེལ་བྱས་ཏེ། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དང་། བཟོ་ལས་ཆ་འཕྲིན་ཅན་སྡེ་ཁག་གིས“རི་མོ་གཅིག་ལ་བརྟེན་ནས་གོ་བ་ལོན་པ”དང“དྲིས་ལན་གཅིག”གི་བརྡ་ཁྱབ་བཟོས་ནས།  སྲིད་དོན་ལས་སྟེགས་དང་། གསར་འགྱུར་སྨྱན་སྦྱོར། དངུལ་རྩའི་མ་ལག ཁེ་ལས་ཁྲོམ་ར་སོགས་ལ་བརྟེན་ནས་འཛད་སྤྱོད་པར་མཁོ་བའི་ཆ་འཕྲིན་མགྱོགས་མྱུར་དང་སྟབས་བདེའི་ངང་ཐོབ་པར་འགན་སྲུང་བྱས་ཏེ། དམངས་ཕན་སྲིད་ཇུས་རྒྱུན་ཆད་མེད་པར་མང་ཚོགས་ལ་ཤེས་སུ་བཅུག་པ་དང་མང་ཚོགས་དེའི་ཁྲོད་ཞུགས་ཚད་ཇེ་མཐོར་བཏང་ཡོད། 

ཚེ་མགོན་རྒྱལ་གྱིས་བསྒྱུར།