མཚོ་སྔོན་གྱིས་སྨན་རྫས་ཚོང་གཉེར་ལས་རིམ་གཙང་བཅོས་འགུལ་སྐྱོད་སྤེལ།
2025.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ4པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། སྨན་རྫས་ཚོང་གཉེར་ལས་རིམ་གྱི་སྤུས་ཀའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཆེད། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཚོང་གཉེར་ལས་རིམ་གཙང་བཅོས་འགུལ་སྐྱོད་ཇུས་གཞི་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཚོང་གཉེར་ལས་རིམ་གཙང་བཅོས་འགུལ་སྐྱོད་སྤེལ་བ་དང་། ཕྱོགས་ཡོངས་ནས་སྨན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་པའི་བདེ་འཇགས་ལ་འགན་སྲུང་བརྟན་པོ་བྱས།

ཇུས་གཞི་ལས་ཐེངས་འདིའི་གཙང་བཅོས་འགུལ་སྐྱོད་ཀྱིས་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་པའི་མངོན་གསལ་གནད་དོན་ལ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཟུང་འབྲེལ་གསུམ་ལ་དོ་སྣང་བྱས་ཏེ། སྨན་རྫས་སྡེབ་འཚོང་ཁེ་ལས་དང་སྨན་རྫས་སིལ་འཚོང་བརྒྱུད་མའི་ཁེ་ལས་སྤྱི་ཁྱབ་པུའུ། སྨན་རྫས་སིལ་འཚོང་ཁེ་ལས་དང་། དྲ་ཐོག་ནས་སྨན་རྫས་ཉོ་ཚོང་དང་བརྒྱུད་སྐུར་བྱེད་པའི་ཁེ་ལས་བཅས་ཞིབ་བཤེར་བྱ་ཡུལ་གཙོ་བོར་བྱེད་པ། སྨན་རྫས་བདེ་འཇགས་ཉེན་ཁ་གྲལ་བཤེར་དང་ཁྲིམས་འགལ་གྱོད་དོན་ཞིབ་བཤེར་བྱས་ནས་ཐག་གཅོད་པ། ལྟ་སྐུལ་དོ་དམ་ནུས་པ་ཇེ་མཐོར་གཏོང་བ་དང་དམངས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབ་པ་བཅས་མཉམ་འདྲེས་མཐུན་སྦྱོར་བྱས་ནས་གཞི་གཅིག་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས།

ཇུས་གཞི་ལས་རིམ་པ་སོ་སོའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འགུལ་སྐྱོད་ཀྱི་དམིགས་ཡུལ་དང་ལས་འགན་ཡང་དག་སྒོས་དམ་འཛིན་བྱས་ནས། གཙང་བཅོས་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས། སྨན་རྫས་ཚོང་གཉེར་ལས་རིམ་གྱི་མངོན་གསལ་གནད་དོན་མགྱོགས་མྱུར་ངང་ཐག་གཅོད་བྱེད་པ་དང་། དྲ་ཐོག་ནས་སྨན་བཙོང་བའི་ལས་རྣམ་ཚད་ལྡན་བཟོས་ནས། ཁྲིམས་འགལ་ཐབས་ལམ་སྤྱད་དེ་སྨན་རྫས་ཉོ་བ་དང་བཙོངས་པའི་བྱ་སྤྱོད་སྔོན་འགོག་དང་ཚོད་འཛིན་ནན་མོ་བྱེད་པ་དང་། སྨན་རྫས་སྤུས་ཀའི་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་དགོས། གྱོད་དོན་ཞིབ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྡུང་རྡེག་ནན་མོ་དང་ཆད་པ་ལྕི་མོ་གཅོད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འགལ་སྒྲིག་འགལ་ལ་གཏོགས་སྲིད་པའི་ཁུངས་སྣེར་ཞིབ་བཤེར་ནན་མོ་བྱེད་པ་དང་། སྨན་རྫས་ཚོང་གཉེར་ཁྱབ་ཁོངས་ཀྱི་ཉེན་ཁར་དག་ཐེར་ནན་མོ་བྱེད་དགོས། གོང་འོག་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་པ་བརྒྱུད། སྨན་བཅོས་འགན་བཅོལ་དང་འཕྲོད་བསྟེན་བདེ་ཐང་། སྤྱི་བདེ་སོགས་སྡེ་ཁག་གི་སྡེ་ཁག་བརྒལ་ནས་ཞིབ་བཤེར་ཐག་གཅོད་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆ་འཕྲིན་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྨན་བཅོས་ཚོང་གཉེར་ལས་རིམ་གྱི་མི་མངོན་པའི་རྐྱེན་ངན་ལ་མཉམ་དུ་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་རྣམ་པ་ལེགས་པོ་བསྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།