ན་གོར་མོ་གྲོང་ཁྱེར་གྱིས་མི་འདེམ་མི་བཀོལ་གནད་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན། 
2025.04.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་གཅིག་ཤེས་ཀུན་གྲོལ་དང་གནད་འཁེལ་ལེགས་བཅོས་རྒྱུན་འཁྱོངས་བྱས་ནས། བརྒྱུད་རིམ་ཧྲིལ་བོ་ལེགས་བཅོས་ཀྱི་གདུབ་ཟུམ་རྣམ་པ་བསྐྲུན་པ་དང་། མི་འདེམ་མི་བཀོལ་གྱི་ཆེད་དོན་ཞིབ་བཤེར་ལས་བསྟན་པའི་གནད་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན།

སྔོན་སྣེ་དམ་འཛིན་བྱས་ནས། ལེགས་བཅོས་འགན་འཁྲི་དངོས་འབེབས་ནན་མོ་བྱས། ནན་ཏན་གྱིས་ཕྱོགས་སྡོམ་དང་གསེད་བཀྲོལ་བྱས་པ་དང་། འབྱུང་ཁུངས་ལ་འདང་ཞིབ་མོ་བརྒྱབ་ཅིང་། གནད་དོན་བཅུ་དགུར་དམིགས་ནས་ལེགས་བཅོས་བྱེད་ཐབས་དོན་ཚན་ཞེ་ལྔ་གཏན་འབེབས་བཟོས་པ་དང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་དྲུག་པའི་སྐོར་གཟིགས་ཀྱིས་ན་གོར་མོ་གྲོང་ཁྱེར་ཏང་ཨུའི་མི་འདེམ་མི་བཀོལ་ཆེད་དོན་ཞིབ་བཤེར་ལས་བསྟན་པའི་གནད་དོན་ལེགས་བཅོས་ཇུས་གཞི་གྲུབ་པར་བྱས་པ་དང་། སྡེ་ཁག་གིས་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་མགོ་ཁྲིད་ཚན་ཆུང་གིས་ངེས་པར་དུ་བཀོད་གཏོང་བྱེད་པ། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ངེས་པར་དུ་རྗེས་འདེད་བྱེད་པ་བཅས་ཀྱི་ལེགས་བཅོས་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། ལེགས་བཅོས་བྱ་བ་དམ་འཛིན་བྱེད་མཁན་ཡོད་པ་དང་ལེགས་བཅོས་ཐད་གྲུབ་འབྲས་མངོན་པར་སྐུལ་འདེད་བཏང་། 

གཙོ་གནད་ལ་དམིགས་ནས། གནད་འཁེལ་སྒོས་གནད་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་། ལེགས་བཅོས་བརྒྱུད་རིམ་ཁྲོད་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་གྱི་འགག་རྩའི་གནད་དོན་ཐག་གཅོད་པ་རྒྱུན་འཁྱོངས་བྱས་པ་དང་། རྟོག་ཞིབ་ཚན་ཆུང་ལྔ་བཙུགས་ནས། མགོ་ཁྲིད་མི་སྣ་བཀོལ་སྤྱོད་དང་ལས་བྱེད་རུ་ཁག་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས་པ་དང་། རྒྱུན་མཐུད་དོ་སྣང་དང་གཙོ་གནད་སྐྱེད་སྲིང་། ཉེ་དུས་བཀོལ་ཆོག་པ་བཅས་རིགས་གསུམ་གྱི་ཕུལ་བྱུང་ལས་བྱེད་པའི་མཛོད་དང་། འཛུགས་སྐྲུན་རིགས་དང་སྤྱི་ཚོགས་རིགས། སྲིད་ཁྲིམས་རིགས། ཕྱོགས་བསྡུས་རིགས་བཅས་རིགས་བཞིའི་ཆེད་ལས་ལས་བྱེད་པའི་མཛོད་བཙུགས་ཤིང་། ན་གཞོན་ལས་བྱེད་པ་དང་བུད་མེད་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པའི་མཛོད་བཅས་འཐུས་ཚང་དུ་བཏང་ནས། ནུས་ལྡན་གྱི་ལས་བྱེད་དཔུང་སྡེས་མགོ་ཁྲིད་ཀྱི་སྒྲིག་གཞི་ལེགས་བཅོས་དང་བྱེད་ནུས་ཇེ་ཆེར་འགྲོ་བར་སྐུལ་འདེད་བཏང་། 

ལྷ་མོ་འཚོས་བསྒྱུར།