ཏང་འཛུགས་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཞིང་བས་ཞིང་ལས་ལ་མཐོང་ཆེན་དང་འབྲུ་རིགས་དམ་འཛིན་བྱེད་པར་སྔར་བས་སྐུལ་སློང་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་འབྲུ་རིགས་འདེབས་འཛུགས་བྱེད་པ་དང་། དཔྱིད་འདེབས་ཐོན་ལས་ལ་ཏན་ཏིག་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ཏང་འཛུགས་སྣེ་ཁྲིད་དུ་བྱེད་པའི་སྒོ་ནས་ས་ཞིང་དུ་འབྲི་རིགས་ཉར་ཚགས་བྱེད་པ་དང་། ལག་རྩལ་གྱིས་ལས་རིགས་དར་སྤེལ་བཏང་སྟེ། དམངས་ཀྱི་ཡོང་འབབ་འཕར་སྣོན་བྱེད་པ་བཅས་ཀྱི་དཔྱིད་འདེབས་ཀྱི་དཀའ་གནད་ཐག་གཅོད་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་འགྲོས་ཚད་ནུས་ཤུགས་ཡོད་རྒུས་ཇེ་མགྱོགས་སུ་བཏང་།
ད་ལོའི་དཔྱིད་འདེབས་ཐོན་སྐྱེད་གྲ་སྒྲིག་བྱ་བ་ཁྱོན་ཡོངས་ནས་མགོ་ཚུགས་པ་དང་བསྟུན་ནས། མདའ་བཞི་རྫོང་གིས་རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་དྲིལ་བསྒྲགས་གྱི་གཙོ་ཤུགས་དམག་དཔུང36རྩ་འཛུགས་བྱས་པ་དང་། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་གི་རུ་མི་སོགས་ཏང་ཡོན་ལས་བྱེད་པ124ཡི་སྟོབས་ཤུགས་བསྡུ་སྒྲིག་བྱས་ཏེ། ཞིང་ཁར་ཟབ་ཞུགས་བྱས་ནས་ཆེད་དོན་འགུལ་སྐྱོད་སྤེལ་བ་རེད། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ཞིང་ཁའི་ཡུལ་དངོས་སློབ་ཁྲིད་གཉིས་མཉམ་སྤེལ་བྱས་པ་བརྒྱུད། ཡུལ་སྐད་ལམ་ནས་ཞིང་པར་ཕན་པའི་སྲིད་ཇུས་ལ་འགྲེལ་བཤད་བྱས་པ་དང་། བཟོ་སྐྲུན་ཁྲི་སྟོང་གི་དར་སྤེལ་གཏམ་རྒྱུད་བཤད་ནས་རྒྱ་ཆེའི་ཞིང་བའི་དཔྱིད་འདེབས་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཡོད། སྔ་མོ་ནས་གསོག་འཇོག་དང་། གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། འདེགས་སྐྱོར་དྲག་པོ་ལ་རྐང་བཙུགས་ནས་གནས་གསུམ་གཞི་གཅིག་གི་དངོས་ཟོག་གསོག་འཇོག་མ་ལག་འཛུགས་པ་དང་། ཞིང་ལས་ཐོན་སྐྱེད་ཚོང་གཉེར་ཁེ་ལས་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཆེད་ལས་མཉམ་ལས་ཁང་། འབྲུ་རིགས་འདེབས་མཁན་གྱི་ཁྱིམ་ཚང་ཆེ་གྲས་བཅས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ། ས་བོན་དང་། ལུད་རྫས། སྨན་རྫས། ས་འགྱིག་སོགས་ཞིང་སྤྱོད་དངོས་རྫས་གསོག་འཇོག་དང་སྐྱེལ་འདྲེན་བྱས་ཏེ་དཔྱིད་འདེབས་དངོས་ཟོག་ལ་འགན་སྲུང་བྱས་ནས། ཞིང་བའི་ཁྱིམ་ཚང་སེམས་བདེ་བར་བྱེད་དགོས།
མདའ་བཞི་རྫོང་གིས་ད་ལོར་དཔྱིད་འདེབས་སྲུང་སྐྱོབ་ལ་རོགས་དངུལ་སྤྲད་ནས་། རྫས་ལུད་དང་ཞིང་སྨན་ཉུང་གཏོང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཞིང་ལས་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བཞི་འབུམ་བརྒྱད་དང་། ཞིང་ལས་འགན་བཅོལ་གྲོན་དངུལ་དང་ཁ་གསབ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དྲུག་སྟོང་གཅིག་དང་དྲུག་བརྒྱ་དོན་འཁྱོལ་བྱས་ཞིང་། ཞིང་ལས་འགན་བཅོལ་ནོར་སྲིད་ཁ་གསབ་བསྡུར་ཚད་བརྒྱ་ཆའི90ཟིན་པས། ཞིང་ལས་ཐོན་སྐྱེད་ཀྱི་ཁུར་བོ་ཏན་ཏིག་ངང་ཇེ་ཡང་དུ་བཏང་བ་དང་། དཔྱིད་འདེབས་གྲ་སྒྲིག་བྱས་རྗེས་ཀྱི་སེམས་ཁྲེལ་སེལ་བ་རེད། རྫོང་ཡོངས་ཀྱི་ལོ་ཏོག་སྨན་ཁང་དང་པོ་བཙུགས་ཏེ་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་ཞིང་ལས་ལག་རྩལ་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་ནས་འགྲེལ་བཤད་བྱས་ཏེ། ཚན་རིག་དང་མཐུན་པའི་མྱུ་གུ་གསོ་སྐྱོང་དང་། ས་གནས་དང་བསྟུན་ནས་ལུད་རྒྱག་པ་སོགས་དོ་དམ་སྲུང་སྐྱོང་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་དཔྱིད་འདེབས་བདེ་བླག་ངང་སྤེལ་བར་འགན་ལེན་བྱས།
ཏིང་འཛིན་མཚོ་མོས་བསྒྱུར།