ཟླ4པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དམངས་དམག་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་མཉམ་དུ་བསྡུས་པའི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་བསྐྱོད་པ་དྲུག་གི་བྱ་འགུལ་ཟི་ལིང་དུ་བསྡུས།
བྱ་འགུལ་ཡུལ་དངོས་སུ། འགྲེམ་གནས་རེ་རེ་གྲལ་བསྟར་བསྒྲིགས་ཤིང་། ཁྱིམ་སྤྱོད་གློག་ཆས་དང་ཨང་ཀིའི་ཐོན་རྫས། ནུས་ཁུངས་གསར་བའི་རླངས་འཁོར་བཅས་ཐོན་རྫས་སྣ་མང་འགྲེམ་གནས་སུ་འགྲེམ་སྟོན་བྱས་ཡོད། ཉོ་ཚོང་མི་སྣས་འཛད་སྤྱོད་པར་ཐོན་རྫས་ཀྱི་བྱེད་ནུས་འགྲེལ་བཤད་བྱས་པ་དང་གཤིས་ནུས་འགྲེམ་སྟོན་བྱས་པ་དང་། ཉོ་སྒྲུབ་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱས། འགྲེམ་ཞུགས་ཁེ་ལས་དང་དངུལ་རྩ་སྡེ་ཁག་སོ་སོས་གསར་དུ་སྒྲོག་སྤེལ་བྱས་པའི་རླངས་འཁོར་ནས་ཁྱིམ་སྤྱོད་ཐོན་རྫས་དང་། དུས་བགོས་དངུལ་སྤྲོད་སོགས་སྟབས་བདེ་ཞབས་ཞུ་དང་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ངོ་སྤྲོད་འོས་སྦྱོར་བྱས།
ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས། ཐེངས་འདིའི་བསྐྱོད་པ་དྲུག་གི་བྱ་འགུལ་གྱིས་སྲིད་གཞུང་གི་སྡེ་ཁག་མང་པོ་དང་ཁེ་ལས་དང་མཉམ་འབྲེལ་བྱས་ནས། འཛད་སྤྱོད་པར་ཁེ་ཕན་བསྐྲུན་པ་དང་། ཁེ་ལས་དང་ཚོང་ཁང་ལ་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་འདོན་སྤྲོད་བྱས་ཟེར།
2025ལོའི་འཛད་རྫས་རྙིང་ཚབ་གསར་བརྗེའི་བྱ་བ་ནན་ཏན་སྒོས་སྤེལ་བ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་མཉམ་འགུལ་དང་སྲིད་དངུལ་ཁེ་གསུམ་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ། ཕྱོགས་ཡོངས་ནས་སྲིད་ཇུས་དྲིལ་སྒྲོག་ཁྱབ་གདལ་བྱ་བར་ཤུགས་སྣོན་ཆེད། ཞིང་ཆེན་ཚོང་དོན་ཐིན་གྱིས་སྲིད་ཇུས་དང་བྱ་འགུལ་ཟུང་འབྲེལ་བྱེད་པའི་མ་དཔེ་རྒྱུན་འཁྱོངས་བྱས་པ་དང་། རྙིང་ཚབ་གསར་བརྗེདང་དམངས་ཚིས་ལ་ཕན་འདོགས་པ་གཉིས་ཟུང་འབྲེལ་བྱས་ནས། སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་འགུལ་མཉམ་ལས་ཇེ་ཟབ་ཏུ་བཏང་བ་དང་། སྤུས་ལེགས་འཛད་རྫས་སྔར་ལས་མང་པོ་གཞིས་ཁུལ་དང་ལས་ཁུངས། མཐོ་རིམ་སློབ་གླིང་། ཞིབ་འཇུག་གླིང་། གླིང་ཁུལ། དམག་སྒར་བཅས་སུ་བསྐྱོད་པར་སྐུལ་འདེད་བཏང་། གཏན་ཁེལ་ལུགས་ཀྱི་བརྒྱུད་སྐྱེལ་དང་བར་ཐག་མེད་པའི་ཉམས་ལེན། ས་ཚིགས་གཅིག་རང་བཞིན་གྱི་ཞབས་ཞུ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཛད་སྤྱོད་པའི་དམངས་ཕན་སྲིད་ཇུས་ཐད་ཀྱི་རྒྱུས་ལོན་དང་ཟབ་ཞུགས་ཚད་ཇེ་མཐོར་བཏང་བ་དང་། རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལག་བསྟར་བྱེད་པར་ཁག་ཐེག་བྱས།
རིན་ཆེན་མཚོས་བསྒྱུར།