མཚོ་སྔོན་གྱིས་སྐོར་དང་པོའི་སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཚན་རིག་སློབ་གསོའི་རྟེན་གཞི་བཙུགས།
2025.04.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ང་གསུམ་ཞིང་ཆེན་རིམ་པའི་སྐོར་དང་པོའི་སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་རྟེན་གཞིའི་མིང་ཐོའི་ཁྲོད་ཚུད་ནས། ཞིང་ཆེན་ཡོངས་ཀྱི་བསླབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་གྱི་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས། ཐེངས་འདིའི་བྱེད་སྒོ་ནི་ཚན་རིག་སློབ་གསོའི་བཅོས་སྒྱུར་གྱི་འགག་རྩའི་བྱེད་ཐབས་ཤིག་ཡིན། སློབ་གྲྭའི་ཕྱི་ནང་གི་མཐུན་སྦྱོར་དང་ཚན་རྩལ་ཁང་། སློབ་གྲྭ་བཅས་ཟུང་འབྲེལ་བྱས་ནས། ཁུལ་ཁོངས་ཡོངས་སུ་ཚན་རྩལ་ཁྱབ་བརྡལ་དང་གོ་རིམ་ཧྲིལ་བོར་ལག་ལེན་བྱེད་པ། སློབ་མ་ཚང་མ་ཟབ་ཞུགས་བྱེད་པའི་ཚན་རིག་སློབ་གསོའི་སྐྱེ་ཁམས་གསར་བ་འཛུགས་སྐྲུན་བྱས་ནས། ཚན་རིག་སློབ་གསོའི་འགུལ་ནུས་གསར་བ་གསར་འབྱེད་བྱས།

སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་རྟེན་གཞི་དེ་རང་བྱུང་ཚན་རིག་དང་བཟོ་བཀོད་ལག་རྩལ། དེང་རབས་ཞིང་ཕྱུགས་ལས། སྐྱེ་ཁམས་སྲུང་སྐྱོབ་སོགས་ཁྱབ་ཁོངས་མང་པོས་ཁེབས་པར་བྱས་ཏེ། ཞིང་ཆེན་རིམ་པའི་ཚན་རྩལ་ཁང་དང་རྒྱལ་ཁབ་རིམ་པའི་ཚོད་ལྟ་ཁང་གཙོ་བོ། དེང་རབས་ཞིང་ལས་དཔེ་སྟོན་གླིང་། སྐྱེ་ཁམས་སྲུང་སྐྱོབ་ཁུལ་སོགས་རིགས་སྣ་མང་པོ་འདུས་པ་དང་། གྲོང་དང་གྲོང་བརྡལ་ལ་ཁྱབ་པར་བྱས་ནས། བསླབ་ཚན་གཅིག་འབྲེལ་གྱི་ལག་ལེན་དྲ་རྒྱ་གྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་ཚན་རིག་ལག་རྩལ་གྱི་ཉེ་སར་བཅར་བ་དང་རང་བྱུང་གི་གསང་བ་ཤེས་རྟོགས་བྱེད་པའི་སྟེགས་བུ་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་སློབ་སྒྲུབ་ཁྱད་ཆོས་དང་སློབ་མའི་དགོས་མཁོ་ལ་གཞིགས་ནས། ཆེས་ཉུང་ན་རྟེན་གཞི་གཅིག་ལ་མཉམ་ལས་ཀྱི་གན་རྒྱ་བཞག་སྟེ། སློབ་གྲྭ་ཆུང་འབྲིང་གི་ཚན་རིག་སློབ་གསོའི་བྱ་བའི་ཕན་འབྲས་མཐོར་འདེགས་སུ་བཏང་།

མཚོ་སྔོན་གྱི་ས་ཁུལ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་རང་འགུལ་ངང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས། སྤྱི་གླིང་། དངོས་མང་བཤམས་སྟོན་ཁང་། ཐོན་ལས་དཔེ་སྟོན་གླིང་སོགས་ལ་འབྲེལ་གཏུག་བྱས་ནས། ཚན་རིག་ལག་ལེན་གྱི་ལས་ཁུངས་དང་སྦྲེལ་མཐུད་བྱས་ནས་བརྗེ་རེས་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ས་གནས་ཀྱི་ཚན་རིག་སློབ་གསོའི་ཐོན་ཁུངས་དཀོན་པའི་གནད་དོན་དང་ཐག་གཅོད་བྱས་ནས། སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ཐབས་ལམ་འདོན་སྤྲོད་བྱས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།