ཟླ4པའི་ཚེས21ཉིན་ནས་ཚེས25ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་མཛད་པའི2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཁྲོམ་ར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ནུས་པ་མཐོར་འདེགས་གཏོང་བའི་གསབ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་ཁྲོམ་རའི་ཁྲིམས་བསྟར་ལས་ཁུངས་དང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱི་ཁྲིམས་བསྟར་མི་སྣ་ལྔ་བཅུ་ལྷག་ཟབ་སྦྱོང་ལ་ཞུགས།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་བསྟར་མི་སྣའི་ལས་སྒོའི་རྩལ་ནུས་སྔར་ལས་མཐོར་འདེགས་གཏོང་བ་དང་། ཚད་ལྡན་དང་དྲང་གཞག་གིས་ཁྲིམས་བསྟར་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་གཅིག་སྡུད་ལེགས་བཅོས་ཟབ་མོ་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་ཁྲིམས་བསྟར་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་ཆེད་ཡིན།
ཟབ་སྦྱོང་ལས་སྔར་གྱི་རིག་གནས་ཁྲོམ་རའི་སྲིད་འཛིན་ཁྲིམས་བསྟར་ཁྲོད་ཀྱི་ལག་ལེན་གྱི་དཀའ་གནད་དང་ཉམས་ཞན་ཁུལ་དང་ཟུང་འབྲེལ་བྱས་ནས། ཞན་ཆ་ཅི་ཞིག་ཡོད་ན་དེར་ཁ་གསབ་བྱེད་པའི་རྩ་དོན་ལ་དམིགས་པ་དང་། ཕུལ་བྱུང་དགེ་རྒན་གྱི་གཅིག་སྡུད་སློབ་ཁྲིད་དང་མཉམ་འགུལ་བརྗེ་རེས་ཀྱི་བྱེད་ཐབས་སྤྱད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་ཐིག་ཏུ་བྱས་ནས་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་གཅོད་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་འགྲེལ་ཀློག་དང་། རྩོམ་གྱི་བདག་དབང་བཅའ་ཁྲིམས་དང་། དཔར་དབང་དོ་དམ། གླེང་ཕྱོགས་ལ་ཁ་གཏད་གཅོག་པ་དང་ཞུ་གཏུག་ཐག་གཅོད། ནག་སེལ་ངན་འཇོམས་ཀྱི་ཁྲིམས་བསྟར་དངོས་དོན། ཁྲིམས་བསྟར་ཡིག་ཆའི་ཚད་ལྡན་སློབ་ཡིག གྱོད་གཞིའི་ནོར་འཁྲུལ་ཡོ་བསྲང་། ལག་རྩལ་ལྟ་སྐུལ་དོ་དམ་སྟེགས་བུའི་དངོས་སྦྱོང་འགྲེལ་བཤད། 2024ལོའི་གྱོད་གཞིར་ཞིབ་བཤེར་འགྲེལ་བཤད་བྱེད་པ་སོགས་ཀྱི་བསླབ་ཚན་བཀོད་སྒྲིག་བྱས་ཏེ། ནང་དོན་ཉིན་རྒྱུན་གྱི་ཁྲིམས་བསྟར་བྱ་བའི་དངོས་ཡོད་དང་བསྟུན་ལ། དངོས་ཡོད་བཀོལ་སྤྱོད་ནུས་པ་སྐྱེད་སྲིང་བྱེད་པར་དོ་སྣང་བྱས་པས། ཟབ་སྦྱོང་གི་ཁ་གཏད་རང་བཞིན་དང་དངོས་སྤྱོད་རང་བཞིན་ལ་ཤུགས་སྣོན་བྱས།
ལྷ་མོ་འཚོས་བསྒྱུར།