ཟླ4བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་དངུལ་གཏོང་ཁོར་ཡུག་སྔར་ལས་སྙོག་འཛིང་དང་གནས་བབ་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐག་གཅོད་དང་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། དམིགས་འབེན་གྱི་ཁྲིད་སྟོན་དང་གནད་དོན་གྱི་ཁྲིད་སྟོན། མཇུག་འབྲས་ཀྱི་ཁྲིད་སྟོན་བཅས་རྒྱུན་འཁྱོངས་བྱེད་པ། འོས་འགན་དམིགས་འབེན་ལ་དམ་པོར་དམིགས་པ་དང་ཕྱི་རྒྱལ་ནས་མ་དངུལ་བཏང་བའི་ལས་གཞི་གཙོ་བོ་དག་ལ་གཞི་བཙུགས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེར་སྐྱེད་དང་རྗེས་འདེད་ཞབས་ཞུ་ལ་ཤུགས་སྣོན་བྱེད་པ་དང་། མུ་མཐུད་དུ་ཕྱིའི་མ་དངུལ་གྱི་ཁོར་ཡུག་ལེགས་བསྒྱུར་སྲ་བརྟན་དུ་བཏང་ནས། མགོ་བརྩམས་པ་ནས་རྟིང་འཐབ་དང་གོམ་པ་སྤོས་པ་ནས་གདོང་མཆོང་བྱེད་པའི་བསམ་པའི་ལངས་ཕྱོགས་ལ་བརྟེན་ནས་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད། དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ནས་ཕྱིའི་མ་དངུལ་ཨ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བཞི་ཁྲི་བརྒྱད་ལྷག་དངོས་སུ་བེད་སྤྱོད་བྱས་ཏེ། དུས་ཚིགས་དང་པོའི་ཕྱིའི་མ་དངུལ་བེད་སྤྱོད་པའི་མགོ་ཚུགས་པ་དང་། ན་ནིང་དང་བསྡུར་ན་འཕར་ཚད12.65%ཡིན།
ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐག་གཅོད་བཀོད་སྒྲིག་གཏིང་ཟབ་ངང་ལག་བསྟར་བྱས་ཏེ། ཕྱིའི་མ་དངུལ་གྱི་གཞི་རྩ་བརྟན་སྲུང་དང་ཧུར་བརྩོན་སྒོས་《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་ཚོང་མ་འཇོག་ཁོར་ཡུག་སྔར་ལས་ལེགས་སྒྱུར་དང་ཕྱི་ཚོང་མ་འཇོག་ནང་འགུག་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར》ཞེས་པའི་སྲིད་ཇུས་དང་བྱེད་ཐབས་ཁག24ལག་བསྟར་དོན་འཁྱོལ་བྱེད་པ་དང་། 《མཚོ་སྔོན་ཞིང་ཆེན་ཚོང་དོན་ཁྱབ་ཁོངས་སོ་སོས་ཧུར་བརྩོན་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་བསྐྲུན་ཁྲོད་མཉམ་བསྲེས་དང་སྒོ་འབྱེད་རྣམ་པའི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི(2025-2027)》སོགས་ཀྱི་ཡིག་ཆ་པར་འགྲེམ་བྱས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་བྱེད་པ་དང་། ཕྱི་ཚོང་མ་འཇོག་ཁོར་ཡུག་ལེགས་བསྒྱུར་བྱེད་པ། བསགས་འབོར་སྲིད་ཇུས་དང་འཕར་བསྣོན་སྲིད་ཇུས་སྣ་ཚོགས་རྩེག་སྣོན་བྱེས་ཏེ། ཕྱི་ཚོང་མ་འཇོག་གི་ཡིད་ཆེས་ཆེར་བསྐྱེད་དང་། ཕྱིའི་ཁེ་ལས་ཀྱིས་ཡུན་ཐུང་ཁེ་ཕན་ནས་ཡུན་རིང་ཁེ་ཕན་དུ་བསྒྱུར་བར་སྣེ་ཁྲིད་བྱས། དུས་ཚིགས་དང་པོར། ཕྱི་དངུལ་ཁེ་ལས་ཀྱིས་མུ་མཐུད་དུ་མཚོ་སྔོན་སྔོག་འདོན་བྱེད་པ་དང་། ཨ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བཞི་ཁྲི་བརྒྱད་ལྷག་གི་མ་དངུལ་བཏང་ནས་ཐོན་ལས་སྦྲེལ་ཐག་གི་མཚམས་ཚིགས་གཙོ་བོ་སྲ་བརྟན་དུ་བཏང་སྟེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།
ཞུགས་འཐུས་སྲིད་ཇུས་དོན་འཁྱོལ་དང་འཕར་ཚད་རྒྱ་བསྐྱེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《2025ལོའི་ཕྱི་དངུལ་འགུལ་སྐྱོད་སྲ་བརྟན་ཇུས་གཞི》ལག་བསྟར་བྱས་ཏེ། 《“ཀྲུང་གོའི་དངུལ་གཏོང”ཚོང་རྟགས་བསྐྲུན་ནས་མཚོ་སྔོན་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། ཕྱོགས་ཡོངས་ནས་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཚོང་ཞུགས་འཐུས་ཚོད་འཛིན་བྱེད་ཐབས་མེད་པར་བཟོས་ནས། གླེང་ཕྱོགས་ཁྲིད་སྟོན་དང་སྔོན་དཔག་དོ་དམ་སོགས་ཀྱི་བྱེད་ཐབས་ལ་ཤུགས་བསྣན་ཏེ་ཧུར་བརྩོན་སྒོས་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་དང་། ཕྱི་ཚོང་ནང་འགུག་གི་ཕན་སྣོན་བར་སྟོང་རྒྱ་བསྐྱེད། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ནས་ཕྱི་ཚོང་དངུལ་གཏོང་ཁེ་ལས3གསར་འཛུགས་བྱས་པ་དང་མ་དངུལ་གྱི་ཡོངས་ཁུངས་ནི་སེ་ཙེར་དང་རྒྱ་གར། ཨེ་ཅབ་བཅས་ཡིན། མཚོ་སྔོན་ལ་མ་དངུལ་གཏོང་བའི་ཕྱི་རྒྱལ་གྱི་གྲོགས་ཚོམས་མུ་མཐུད་དུ་རྒྱ་བསྐྱེད་ཡོད་ལ། ཕྱི་རྒྱལ་གྱི་ཚོང་བས་མཚོ་སྔོན་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་བཟུང་བའི་ཡིད་ཆེས་ཀྱང་ཆེ་རུ་འགྲོ་བཞིན་ཡོད། དེའི་ཁྲོད། རྒྱ་གར་གྱི་དངུལ་གཏོང་ཚོང་བས་མཚོ་སྔོན་དུ་མ་དངུལ་གཏོང་བར་ཕྱི་ནང་མཉམ་འབྲེལ་ཁེ་ལས་བཙུགས་ཏེ་མདོག་ལྡན་ལྕགས་རིགས་དང་ཞུ་བྱེད་རྫས་ཐོན་སྐྱེད་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་བྱས་ཡོད། དེ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱིར་འཚོང་ཞུགས་འཐུས་ཚོད་འཛིན་བྱེད་ཐབས་མེད་པར་བཟོས་རྗེས། མཚོ་སྔོན་དུ་བཙུགས་པའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱི་དངུལ་ཁེ་ལས་ཐོག་མ་ཡིན། དེའི་ཐོན་རྫས་རྒྱ་གར་དུ་ཕྱིར་འཚོང་བྱེད་པ་དང་། མཚོ་སྔོན་ཕྱི་ཕྱོགས་ཉོ་འཚོང་གི་གསར་འདུས་ཚད་ལ་སྒུལ་ཤུགས་བསྣན་ཡོད།
དེ་དང་ཆབས་ཅིག ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་། གཙོ་གནད་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ལ་མགོ་ཁྲིད་འགན་གཙང་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་དཀའ་གནད་སེལ་བ་དང་། ཕྱི་རྒྱལ་གྱི་ཁེ་ལས་སྒོར་ཅོག་ཚོགས་འདུ་ཚོགས་ཏེ། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་བའི་སྲིད་ཇུས་སྒྲོག་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་ལས་ཀྱི་རེ་འདུན་ཐག་གཅོད་བྱེད་པ་དང་། ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཀྱི་ཞུ་གཏུག་ལམ་སྲོལ་འདོན་སྤེལ་བྱེད་དགོས་ལ། དངུལ་གཏོང་ལ་སྐུལ་འདེད་དང་ཁེ་དབང་སྲུང་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་གྱི་ཚོང་བའི་མ་དངུལ་གཏོང་བར་སྟབས་བདེ་གང་ལེགས་བསྐྲུན་ནས། ཕྱི་རྒྱལ་གྱི་ཁེ་ལས་མཚོ་སྔོན་དུ་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་མཐོ་རུ་བཏང་།
གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་ཁྱབ་ཁོངས་ཀྱི་ཚོང་འགུག་མ་འདྲེན་ཀྱི་ལས་ཀའི་ཇུས་གཞི་དཔར་ནས་བཀྲམས་པ་དང་། 2025ལོའི་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཚོང་འགུག་དངུལ་འདྲེན་གྱི་གལ་ཆེའི་ཞིབ་ཐོ་དང་། ཕྱི་རྒྱལ་གྱི་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་མཛོད་བཙུགས་ནས། རྣམ་གྲངས་གཙོ་བོ་བརྒྱ་དང་བདུན་བཅུ་བསལ་འདེམས་བྱེད་པ་དང་། ཕྱི་རྒྱལ་གྱི་མ་དངུལ་གཏོང་བའི་གདམ་ག་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་དགོས་མཁོ་སྣ་མང་བསྐང་། ཨོ་སི་ཁྲི་ལི་ཡས་མཚོ་སྔོན་ལ་མ་དངུལ་གཏོང་བའི་དངུལ་རྩ་མཉམ་སྡེབས་ཀྱི་ཁེ་ལས་བཙུགས་ནས། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་མིང་བསྐོར་ནས་འཕྲིན་སྐྱེལ་སྒྲིག་ཆས་ཐོན་སྐྱེད་བྱས། ཁེ་ལས་ཀྱི་ནང་འགུག་དེ་མཚོ་སྔོན་གྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱི་དངུལ་ཁེ་ལས་ཐོག་མར་གྱུར་བ་དང་། ཐོན་རྫས་དག་ཁ་ན་ཏ་དང་ཨོ་སི་ཁྲི་ལི་ཡ། ཨེ་ཤ་ཡ་དབུས་མ་རྒྱལ་ཁབ་བཅས་སུ་བཙོང་ནས། མཚོ་སྔོན་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་སྟེ། ཕྱི་དངུལ་གྱིས་ཐོན་རྫས་གསར་བ་སྐྲུན་པར་གསོན་ཤུགས་གསར་པ་བསྣན།
ཁོན་ཐར་དབང་རྒྱལ་དང་ཏིང་འཛིན་མཚོ་མོ་གཉིས་ཀྱིས་བསྒྱུར།