ཚེས27ཉིན་གསར་འགོད་པས་ཁྲིམས་འཛིན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནི་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བ་ཐེངས་ལྔ་པ་ཡིན་ཏེ། དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས2025ལོའི་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་ལས་དོན་ཇུས་གཞི་པར་འགྲེམ་བྱས་པ་དང་། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།
ཇུས་གཞི་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་ཏེ། དམངས་དོན་ཁྲིམས་གཞུང་ཁེ་ལས་སུ་བསྐྱོད་པའི་བྱ་འགུལ་རྒྱ་ཁྱབ་ངང་སྤེལ་ནས། ཁེ་ལས་ཀྱི་ཡིད་རྟོན་ཁྲིམས་སྲུང་གི་བདག་གཉེར་འདུ་ཤེས་དང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཉེན་ཁ་འགོག་སེལ་དང་། ཁྲིམས་ལྟར་རང་སྟེང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་རོགས་འདེགས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན།
ཇུས་གཞི་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། གཙོ་བོ་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་། འདྲ་མཉམ་དང་རང་མོས། དྲང་བདེན། ཡིད་རྟོན་སོགས་གཞི་རྩའི་རྩ་དོན་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་དགོས་ཤིང་། གཙོ་གཞི་འདྲ་མཉམ་དང་རྒྱུ་ནོར་བདག་དབང་ལ་སྲུང་སྐྱོབ་བྱེད་པ། ཉོ་ཚོང་འཁོར་རྒྱུགས་སྟབས་བདེ་རུ་གཏོང་བ། དབང་འཛུལ་འགན་འཁྲི་རྗེས་འདེད་སོགས་གཞི་རྩའི་བླང་བྱ་དང་འབྲེལ་ཡོད་གཏན་འབེབས་བཅས་རྒྱུན་འཁྱོངས་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པ། ཚན་རྩལ་གསར་བསྐྲུན། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། ཀྲུང་གོའི་ཁེ་ལས་ཕྱི་རུ་བསྐྱོད་པ་སོགས་ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་གཏིང་ཟབ་བྱེད་དགོས་པ་ནན་གྱིས་བསྟན།
ཤ་བོ་རིན་མཚོས་བསྒྱུར།