རང་ཞིང་གི་ཞིང་ཆེན་རིམ་པའི་རིག་གནས་ཆེད་མངག་པ་བཅུ་གཞི་རིམ་དུ་སོང་ནས་རིག་གནས་ཞབས་ཞུའི་བྱ་བ་སྤེལ།
2025.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས28ཉིན། གསར་འགོད་པས2025ལོའི་ཞིང་ཆེན་རིམ་པའི་རིག་གནས་ཆེད་མངག་པའི་སྐྱེལ་མའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་འདེམས་མངག་བྱས་པའི་ཞིང་ཆེན་རིམ་པའི་རིག་གནས་ཆེད་མངག་པ་བཅུ་བོ་གཞི་རིམ་དུ་སོང་ནས་དུས་ཡུན་ལོ་གཅིག་རིང་གི་རིག་གནས་ཞབས་ཞུ་བྱ་བ་སྤེལ་རྒྱུ་རེད་ཟེར།

རིག་གནས་ཆེད་མངག་པའི་ཚོད་ལྟ་བྱ་བ་ནི། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤུས་ལེགས་རིག་གནས་ཐོན་ཁུངས་ཐད་ཀར་གཞི་རིམ་དུ་སྐྱེལ་བ་དང་གཞི་རིམ་གྱི་རིག་གནས་གསོན་ཤུགས་ཆེར་སྐྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ཐེངས་འདིར་བདམས་མངག་བྱས་པའི་རིག་གནས་ཆེད་མངག་པ་ཚང་མ། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ནས་ཡོང་བའི་ཆེད་ལས་འཇོན་མི་ཡིན་ལ། ཁོ་ཚོའི་ལས་སྒོའི་བྱང་ཚད་མཐོ་ཞིང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་ལ། རིག་གནས་ལས་དོན་ལ་དགའ་བ་དང་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ལྡན། རིག་གནས་ཞབས་ཞུ་སྤེལ་བའི་སྐབས་སུ། རིག་གནས་ཆེད་མངག་པ་གཞི་རིམ་ཡུལ་དངོས་སུ་སོང་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་། གཙོ་གནད་རིག་གནས་ལས་གཞི་གསར་སྐྲུན་བྱེད་པ། རིག་གནས་གཡུལ་ས་འཛུགས་སྐྲུན་བྱེད་པ་དང་སྣ་མང་རིག་གནས་ཀྱི་ཞབས་ཞུ་ཇེ་མཐོར་གཏོང་བ་གཙོ་གནད་དུ་བྱེད་པ། མངགས་ཐོའི་རྣམ་པ་དང་ཚལ་ཐོའི་རྣམ་པ་བརྒྱུད་དེ། གཞི་རིམ་མང་ཚོགས་ཀྱིས་སྒོ་ཁ་ནས་རྒྱུ་སྤུས་མཐོ་བའི་རིག་གནས་ཞབས་ཞུ་ཉམས་ལེན་བྱེད་ཐུབ་པར་བྱེད་རྒྱུ་རེད། དེ་དང་མཉམ་དུ། རང་སྟེང་གི་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ས་གནས་དེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་ལེགས་སྒྲིག་བྱེད་པ། ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་གནས་བརྩམས་ཆོས་དང་རིག་གནས་བྱ་འགུལ་གྱི་ཚོང་རྟགས་སྔར་ལས་མང་པོ་གསར་རྩོམ་བྱེད་པ། གཞི་རིམ་ལ་རོགས་བྱས་ནས་རིག་གནས་འཇོན་མི་སྐྱེད་སྲིང་བྱེད་པ། རིག་གནས་ཡུལ་སྐོར་དང་ཞིང་ལས་སོགས་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པ། རིག་གནས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཐད་ནུས་པ་བཏོན་ནས། གཞི་རིམ་རིག་གནས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་གསོན་ཤུགས་གསར་བ་སྣོན་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།