“བུད་མེད་སྲུང་སྐྱེལ”ཞེས་པའི་མཚོ་སྔོན་ཞིང་ཆེན་བུད་མེད་སློབ་ཆེན་པའི་ལས་ཞུགས་ལས་སྐྲུན་སྒྲོག་འགྲེལ་སློབ་རར་སྐྱོད་པའི་བྱེད་སྒོ་སྤེལ།
2025.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4བའི་ཚེས28ཉིན།  མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་སློབ་གསོ་ཐིན་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི“བུད་མེད་སྲུང་སྐྱེལ”ཞེས་པའི་མཚོ་སྔོན་ཞིང་ཆེན་བུད་མེད་སློབ་ཆེན་པའི་ལས་ཞུགས་ལས་སྐྲུན་སྒྲོག་འགྲེལ་སློབ་རར་སྐྱོད་པའི་བྱེད་སྒོ་སྤེལ།

“ལས་གནས་གསར་སྐྲུན་བྱས་ཏེ་མ་འོངས་མདུན་ལྗོངས་བསུ།། ཕུགས་བསམ་མངོན་དུ་གྱུར་ནས་རྫོགས་ལྡན་རྨི་ལམ་སྐྲུན”ཞེས་པ་བྱེད་སྒོའི་བརྗོད་གཞིར་བྱས་ཏེ།  ཕུལ་བྱུང་བུད་མེད་འཐུས་ཚབ་པ་དང་བུད་མེད་སློབ་ཆེན་པའི་ལས་ཞུགས་ལས་སྐྲུན་ཁྲིད་སྟོན་ཚོགས་པའི་ཁུངས་མི།  ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བཅས་གདན་འདྲེན་བྱས་ནས་དཔེ་མཚོན་རང་བཞིན་ལྡན་པའི་སྒྲོག་འགྲེལ་དང་ཉམས་མྱོང་བརྗེ་རེས་བྱས་པར་མ་ཟད།  “གམ་གྱི་མིས་ཉེ་འགྲམ་གྱི་དོན་བཤད”པའི་བྱེད་ཐབས་ལ་བརྟེན་ནས།  ན་གཞོན་སློབ་མར་མིག་དཔེ་འཛུགས་པ་དང་ན་གཞོན་སློབ་མར་ཡང་དག་པའི་ལས་ཞུགས་ལས་འདེམ་འདུ་ཤེས་ཆགས་པར་སྐུལ་འདེད་བཏང་བ་དང་།  ཁོ་མོ་ཚོས་གཞི་རིམ་དང་མཚོ་སྔོན་དུ་རྐང་བཙུགས་ནས་འབད་བརྩོན་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པར་སྐུལ་འདེད་བྱས།  ད་དུང་བྱེད་སྒོའི་སྟེང་ཀྲང་ཅིན་མེ་དང་ཁྲིན་ཡུས་ཞི།  ཐུང་ཞིན།  ཝང་ལེས་ཞ་བཅས་བུད་མེད་སློབ་ཆེན་པའི་ལས་ཞུགས་ལས་སྐྲུན་ཁྲིད་སྟོན་ཚོགས་པའི་གསར་ཞུགས་ཁུངས་མིར་གདན་ཞུའི་ཡི་གེ་བྱིན་པ་དང་།  གདན་ཞུ་བྱས་པའི་ཁྲིད་སྟོན་པས་སྣ་མང་རང་བཞིན་གྱི་བརྗོད་དོན་སློབ་གསོ་སྤེལ་ཏེ།  བུད་མེད་སློབ་ཆེན་པར་ཡང་དག་པའི་ལས་ཞུགས་ཀྱི་ལྟ་བ་དང་ལས་རིགས་ཀྱི་ལྟ་བ།  འཇོན་ཐང་སྐྱེལ་བསྲིང་གི་ལྟ་བ་བཅས་ཆགས་པར་སྣེ་ཁྲིད་བྱས།

བུད་མེད་སློབ་ཆེན་པས་སྤུས་ཚད་མཐོ་བའི་ངང་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་དང་།  ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྗོད་སྙིང་ལ་ཧུར་བརྩོན་སྒོས་མཉམ་བསྲེས་དང་རང་འགུལ་ངང་ཞབས་ཞུ་བྱས་ཏེ།  ཤུགས་ཆེན་པོས་མཚོ་སྔོན་གྱི་བུད་མེད་སློབ་ཆེན་པའི་ལས་ཞུགས་ལས་སྐྲུན་གྱི་བསམ་པའི་འདུ་ཤེས་སྐྱེད་བསྲིང་བྱེད་པ་དང་།  རྒྱུན་མཐུད་ངང་བུད་མེད་སློབ་ཆེན་པའི་ལས་ཞུགས་ཆེད་དོན་གདན་ཞུ་ཚོགས་འདུ་དང་གཙང་གསུམ་མགོ་ཁུངས་ཀྱི་བུད་མེད་ལག་ཤེས་པའི་ལས་གཉེར་ཁང་དང་།  མཐོ་སྒང་བུད་མེད་ཀྱི་དངུལ་བུན་སོགས་ཚོང་རྟགས་སྐྲུན་ནས།  སློབ་གྲྭ་དང་ཁེ་ལས་ཀྱི་སྦྲེལ་མཐུད་དང་བུད་མེད་སློབ་ཆེན་པའི་དངོས་སྦྱོང་ལས་གནས་འཛུགས་པ་སོགས་བྱས་ཏེ།  བུད་མེད་སློབ་ཆེན་པར་ལས་ཞུགས་ལས་འདེམ་གྱི་ཡང་དག་པའི་རིན་ཐང་ལྟ་བ་ཆགས་པ་དང་།  ལས་ཞུགས་ལས་སྐྲུན་གྱི་ནུས་པ་དང་བྱང་ཚད་མཐོར་འདེགས་གཏོང་བ།  ལས་གནས་སྐོར་གྱི་ཆ་འཕྲིན་སྦྲེལ་མཐུད་སྤྱི་སྟེགས་འཛུགས་པ།  ལས་སྐྲུན་སྲིད་ཇུས་དང་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པ་བཅས་ལ་སློབ་གསོ་དང་སྣེ་ཁྲིད་བྱས།  བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱ་ཆེ་བའི་བུད་མེད་སློབ་ཆེན་པར་ལས་ཞུགས་ཀྱི་སྤྱི་སྟེགས་ཡོད་པ་དང་།  གསར་གཏོད་ལ་རྒྱབ་སྐྱོར་ཡོད་པ།  ལས་ཞུགས་ལ་འགན་སྲུང་ཡོད་པ།  འཚོ་བ་ལ་བརྩེ་སེམས་ཡོད་པ།  འཕེལ་རྒྱས་ལ་སྔོན་དཔག་ཐུབ་པ་བཅས་བྱས་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།