མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་སྟོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་ཕེབས།
2025.04.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཇུག་སྒྲིལ་མ་ཐག་པའི་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་བརྒྱ་འགོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་སྟོན་བྱ་བ་ལས་མཁན་གྱི་གཟེངས་བསྟོད་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་མི34ལ་གཟེངས་བསྟོད་ཐོབ་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་སྟོན་པ་ཉེར་གསུམ་ཚུད་པ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་བྱ་བ་ལས་མཁན་མི་བཅུ་གཅིག་ཡོད།

ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་བགྲོད་ལམ་གསར་བའི་སྟེང་གི་འབད་བརྩོན་པ་ཞེས་པའི་ཀྲུང་ཕྱིའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་སྟོན་པ་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ་པ5གདན་ཞུ་བྱས་ཤིང་། ངལ་རྩོལ་དཔེ་སྟོན་པའི་སྙིང་སྟོབས་དར་སྤེལ་དང་དུས་རབས་ཀྱི་འགན་འཁྲི་ཁུར་ལེན་སྤོབས་པ་བརྗོད་གཞིར་བྱས་ཏེ་ཀྲུང་ཕྱིའི་གསར་འགོད་པའི་བར་བརྗེ་རེས་བྱས། མཚོ་སྔོན་ནས་ཡོང་བའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་སྟོན་དང་། རྒྱལ་ཁབ་ཀྱི་དྲ་བའི་མཚོ་སྔོན་ཞིང་ཆེན་གློག་ནུས་ཀུང་ཟིའི་ལས་བཟོ་བ་ཝུའུ་ཅ་ནན་གདན་ཞུ་ལྟར་ཚོགས་འདུར་ཞུགས།

གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཝུའུ་ཅ་ནན་གྱིས་རང་ཉིད་གློག་དྲ་སྐྱེལ་འདྲེན་དང་སྲུང་སྐྱོབ་བྱེད་པའི་ལས་ཡུལ་དང་པོའི་ལས་བཟོ་པ་ཞིག་ཡིན་པའི་ཆ་ནས། ལས་རྐང་སྟེང་ནས་བརྟན་སྲུང་དང་རྒྱུན་འཛིན། གསར་སྐྲུན་སྙིང་སྟོབས། དེ་མིན་གློག་དྲའི་བདེ་ཐང་འཁོར་བསྐྱོད་ལ་བློ་སེམས་ཞིབ་མོས་འགན་སྲུང་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོ་ལ་འོད་སྣང་སྐྱེལ་པ་དང་། དག་གཙང་ནུས་ཁུངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་འཐབ་བྱས་པའི་གཏམ་རྒྱུད་མཉམ་སྤྱོད་བྱས།

ཝུའུ་ཅཱ་ནན་གྱི་འབད་བརྩོན་གཏམ་རྒྱུད་ཀྱིས་དུས་རབས་གསར་བའི་ཐོན་ལས་བཟོ་བ་འཐབ་ཕྱོགས་དང་པོ་རུ་རྐང་བཙུགས་ནས་ཡང་རྩེ་སྙེགས་པའི་སྙིང་སྟོབས་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད་ལ། ཁོ་མོའི་ཉམས་མྱོང་ལས་རྒྱལ་ཁབ་དྲ་བའི་མཚོ་སྔོན་གློག་ནུས་ཀྱི་ལས་བཟོ་བས་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་པའི་ཁག་ཁུར་མངོན་པ་དང་། དེ་ལས་ངལ་རྩོལ་བ་ཁྲི་མ་འབུམ་གྱིས་སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མིན་པའི་ལག་ལེན་བསྟར་བ་མངོན་པར་བྱས་ཡོད་ལ། མཚོ་སྔོན་དུ་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་འཛུགས་བསྐྲུན་བྱེད་པའི་གོ་རིམ་ཁྲོད། འདི་ལྟ་བུའི་འོད་སྣང་སྲུང་བའི་མི་བུ་ཁྱུ་ཞིག་གིས་ཤེས་རབ་དང་རྔུལ་ཆུ་ལ་བརྟེན་ནས་བདེ་འཇགས་ཀྱི་གློག་དྲའི་ནུས་ཁུངས་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་འབྱོར་ཕྱུག་ལྡན་པར་སྒུལ་ནུས་གསར་བ་བསྩལ་ཡོད།

ཏིང་འཛིན་མཚོ་མོས་བསྒྱུར།