མཚོ་སྔོན་མེ་ཟོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལྔ་གཅིག་གི་མེ་ཟོན་བདེ་འཇགས་འགོག་ར་བརྟན་པོ་བསྐྲུན།
2025.05.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ལྔ་གཅིག་གུང་གསེང་ཐོན་དུས། ཞིང་ཆེན་མེ་ཟོན་རྒུད་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཕྱོགས་ཡོངས་ནས་མེ་ཟོན་བདེ་འཇགས་འགན་སྲུང་བྱ་བ་སྤེལ་མགོ་བརྩམས་པ་དང་། ཆེད་དོན་ཞིབ་བཤེར་དང་དྲིལ་སྒྲོག་སློབ་གསོ་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ། དུས་ཆེན་སྐབས་ཀྱི་མེ་ཟོན་བདེ་འཇགས་ཀྱི་གནས་བབ་གཏན་འཇགས་ཡོང་བར་ཁག་ཐེག་བྱས།

བསྟུད་མར་ཉིན་འགའི་རིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མེ་ཟོན་རྒུད་སྐྱོབ་ཡན་ལག་རུ་ཁག་གིས་སྡེ་ཁག་མང་པོ་རྩ་འཛུགས་བྱས་ནས་ཞིབ་བཤེར་ཚན་ཆུང་བདུན་བཙུགས་ཤིང་། ཚོང་ལས་ཕྱོགས་བསྡུས་ཚོགས་པ་དང་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་སོགས་མི་སྣ་འདུས་སྡོད་མང་སར་གྲལ་བཤེར་བྱས་པ་དང་། ཡུལ་དངོས་སུ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ལ་མཛུབ་སྟོན་བྱས། ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མེ་ཟོན་རྒུད་སྐྱོབ་ཡན་ལག་རུ་ཁག་གིས་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་གཙོ་གནད་ཡུལ་དངོས་སུ་དུས་གཟུར་ཞིབ་བཤེར་བྱས་པ་དང་། རྩིས་ཐོ་ཞིབ་ཀློག་དང་ཡུལ་དངོས་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མེ་ཟོན་བདེ་འཇགས་འགན་འཁྲི་དོན་འཁྱོལ་དང་འཕྲལ་བསྟུན་སྔོན་རྩིས་གཏན་འབེབས་བཟོ་བ། མེ་ཟོན་སྒྲིག་ཆས་བཀོད་སྒྲིག་དང་བགྲོད་ལམ་གེགས་མེད་ཡོང་བའི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་གྱི་མེ་ཟོན་རྒུད་སྐྱོབ་ཡན་ལག་རུ་ཁག་གིས་མེ་ཟོན་ཚོད་འཛིན་ཁང་གི་འཁོར་རྒྱུག་དང་མེ་ཟོན་སྒྲིག་ཆས་སྒྲིག་བཀོད་གནས་ཚུལ། བདེ་འཇགས་ཕྱི་སྒོ་གེགས་མེད་ཡོང་བ་དང་ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས།

ཞིབ་བཤེར་ལ་ཤུགས་སྣོན་པ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་ཟོན་སྡེ་ཁག་གིས་མེ་ཟོན་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། མེ་ཟོན་དྲིལ་སྒྲོག་མི་སྣ་དང་དང་བླངས་པ་ཚོང་ར་དང་སྡེ་ཁུལ། རླངས་འཁོར་ས་ཚིགས་སོགས་སུ་སོང་སྟེ། གཅིག་གཏད་གཅིག་གི་དྲིལ་སྒྲོག་རྣམ་པར་བརྟེན་ནས། མང་ཚོགས་ལ་མེ་འགོག་ཤེས་བྱ་དང་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་ཐབས། དུས་རིམ་སྔོན་མའི་མེ་སྐྱོན་མེ་གསོད་དང་སྲོག་ཐར་རང་སྐྱོབ་ནུས་པ་ཁྱབ་གདལ་བྱས། དེ་དང་མཉམ་དུ། ཕྱི་རོལ་ཡུལ་གྱི་གློག་རྡུལ་བརྙན་ཡོལ་དང་སྡེ་ཁུལ་གྱི་དྲིལ་སྒྲོག་བྱེད་ས་སོགས་བེད་སྤྱོད་བྱས་ཏེ། མེ་ཟོན་བདེ་འཇགས་ཤེས་བྱ་རྒྱ་ཆེར་བརྒྱུད་སྒྲོག་བྱས་པ་དང་། བདེ་འཇགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན།


ལྷ་མོ་འཚོས་བསྒྱུར།