2025ལོའི་ཀྲུང་གོའི་ལྔ་བཞིའི་ན་གཞོན་བྱ་དགའ་དང་དུས་རབས་གསར་བའི་ན་གཞོན་གདོང་ལེན་བྱ་དགའ་ཁྱབ་བསྒྲགས་བྱས།
2025.05.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་ལ་ཉེ་དུས། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས2025ལོའི་ཀྲུང་གོའི་ལྔ་བཞིའི་ན་གཞོན་བྱ་དགའ་དང་དུས་རབས་གསར་བའི་ན་གཞོན་གདོང་ལེན་བྱ་དགའ་བྱིན་ནས། རང་རྒྱལ་གྱི་ཕུལ་བྱུང་ན་གཞོན་རྣམས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བྱས་རྗེས་ལ་གཟེངས་བསྟོད་བྱས། ཝང་ཁྲོན་དབྱིན་སོགས་བློ་མཐུན་སུམ་ཅུར2025ལོའི་ཀྲུང་གོའི་ལྔ་བཞིའི་ན་གཞོན་བྱ་དགའ་སྤྲོད་པ་དང་། ཞིན་ཅང་ཁི་ཀྲོའུ་ཨཱ་ཐུའུ་ཧྲིན་གྲོང་ཁྱེར་ཧྭ་ལཱ་ཅུན་ཡུལ་ཚོ་ཞུའེ་དབྱི་ཐི་སློབ་ཆུང་གི་སློབ་སྐྱོར་ནུབ་རྒྱུད་འཆར་འགོད་དང་བླངས་པའི་ཞབས་ཞུའི་རུ་ཁག་སོགས་ན་གཞོན་ཚོགས་པ་སུམ་ཅུར2025ལོའི་ཀྲུང་གོའི་ལྔ་བཞིའི་ན་གཞོན་བྱ་དགའི་ཐུན་མོང་བྱ་དགའ་སྤྲོད་པ། ཝང་ཁྲུང་ཕིན་སོགས་བློ་མཐུན་དྲུག་བརྒྱ་དོན་བདུན་ལ2025ལོའི་དུས་རབས་གསར་བའི་ན་གཞོན་གདོང་ལེན་བྱ་དགའ་སྤྲོད་པ་བཅས་ཐག་བཅད། དེའི་ཁྲོད། རང་ཞིང་གིས་ཡར་ཞུ་མཚམས་སྦྱོར་བྱས་པའི་ཀྲུང་ཧྥུའོ་ཧྲིན་དབྱིན་ཐཱན་ཚི་སྣའི་ཟི་ལིང་ཚད་ཡོད་ཀུང་ཟིའི་ཀྲུང་གོའི་དྲག་ཚད་ཅེས་པའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་ན་གཞོན་ཚོགས་པར2025ལོའི་ཀྲུང་གོའི་ལྔ་བཞིའི་ན་གཞོན་བྱ་དགའི་ཐུན་མོང་བྱ་དགའ་ཐོབ་པ་དང་། ཝུའུ་ཅཱ་ནན་སོགས་མི་སྒེར་བཅུ་དྲུག་ལ2025ལོའི་དུས་རབས་གསར་བའི་ན་གཞོན་གདོང་ལེན་བྱ་དགའི་གཟི་བརྗིད་མཚན་སྙན་ཐོབ། 

ཀྲུང་ཧྥུའོ་ཧྲིན་དབྱིན་ཐཱན་ཚི་སྣའི་ཟི་ལིང་ཚད་ཡོད་ཀུང་ཟིའི་ཀྲུང་གོའི་དྲག་ཚད་ཅེས་པའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་ན་གཞོན་ཚོགས་པ་ནི་ཀྲུང་ཧྥུའོ་ཧྲིན་དབྱིན་ཐཱན་ཚི་སྣའི་ཟི་ལིང་ཀུང་ཟིའི་ཁོངས་གཏོགས་ཀྱི་ནུས་མཐོའི་ཐཱན་ཚི་སྣ་གསར་སྤེལ་དང་ཐོན་སྐྱེད་ལ་དོ་སྣང་བྱེད་པའི་ན་གཞོན་ཚོགས་པ་ཞིག་ཡིན་ལ། ཚོགས་པར་བསྡོམས་པས་མི་སྟོང་གཅིག་དང་བརྒྱ་དང་གོ་དགུ་ཡོད་ལ། ཆ་སྙོམས་ལོ་ཚོད་ལོ་སོ་གཉིས་ཡིན་པ་དང་། ལོ་སོ་ལྔ་མན་གྱི་ན་གཞོན་སྟོང་གཅིག་དང་གྱ་གསུམ་ཡོད། ཚོགས་པས་གཙོ་བོ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས། ཐཱན་ཚི་སྣའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་རང་བདག་ཚོད་འཛིན་ལ་སྐུལ་འདེད་བཏང་ཞིང་། ཏུན་སྟོང་རིམ་པའི་ལག་རྩལ་འགན་ལེན་བྱས་པའི་རྨང་གཞིའི་སྟེང་། ཏུན་ཁྲི་རིམ་པའི་གཞི་ཁྱོན་འོག་གི་ནུས་མཐོའི་ཐཱན་ཚི་སྣའི་ཐོན་ལས་ཅན་གྱི་འགག་རྩའི་ལག་རྩལ་སོགས་ལས་འགན་ཐོལ་བརྒལ་བྱས། ཚོགས་པས་ནུས་ཤུགས་ཡོད་རྒུས་ན་གཞོན་ཚན་རྩལ་འཇོན་མིའི་ཁྲིད་སྟོན་ལས་གཞི་ལག་བསྟར་བྱས་པ་དང་། གསར་གཏོད་གྲུབ་འབྲས་སུམ་ཅུ་ལྷག་སྙན་ཞུ་བྱེད་པར་རྩ་འཛུགས་བྱས་ལ། ལས་གཞི་བཞི་བཅུ་ལྷག་ལག་བསྟར་བྱས། ཝུའུ་ཅཱ་ནན་སོགས2025ལོའི་དུས་རབས་གསར་བའི་ན་གཞོན་གདོང་ལེན་བྱ་དགའ་ཐོབ་པའི་ན་གཞོན་བཅུ་དྲུག་གིས་མཚོ་སྔོན་ན་གཞོན་གྱིས་ལས་རིགས་སོ་སོའི་ཁྲོད་གཅིག་སྡུད་ཀྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པ་དང་ལག་ལེན་ནན་མོ་བྱས་པ་མཚོན་ཞིང་། ཁོ་ཚོས་ལས་གནས་ལ་རྐང་བཙུགས་ཤིང་། ནུས་པ་སྦྱོང་བརྡར་བྱས་ལ། འབད་འཐབ་བརྩོན་ལེན་བྱས་པ་དང་། རླབས་ཆེན་ཕུགས་བསམ་འཚོལ་སྙེག་བྱེད་མཁན་དང་རླབས་ཆེན་བྱ་གཞག་བསྒྲུབ་མཁན་བྱས་ཏེ། སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མིན་པའི་ལས་འབྲས་བསྐྲུན་པ་དང་། དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པའི་ན་གཞོན་གདོང་ལེན་པ་བྱས། 

གཟེངས་བསྟོད་ཐོབ་པའི་ན་གཞོན་དང་ན་གཞོན་ཚོགས་པ་ནི་དུས་རབས་གསར་བའི་རང་རྒྱལ་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ན་གཞོན་གྱི་ཕུལ་བྱུང་འཐུས་ཚབ་པ་དང་གདོང་ལེན་སྟོབས་ཤུགས་ཡིན། ཁོ་ཚོས་ཏང་གི་འབོད་སྐུལ་དང་ལེན་བྱས་ནས། ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་མཚམས་སྲུང་བ་སོགས་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་གདོང་ལེན་པ་དང་གཙོ་ཁྲིད་པ་བྱས་ཤིང་། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་ཁོ་བོ་ཡོད་པས། ཏང་གིས་བློ་བདེ་མོ་བྱས་ཆོག་ཅེས་པའི་ལང་ཚོའི་དམ་བཅའ་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁག་ཁུར་ཕོད་པའི་ལང་ཚོའི་ལེའུ་བྲིས་ཡོད། 


ལྷ་མོ་འཚོས་བསྒྱུར།