ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་རྩ་འཛུགས་བྱས་ནས་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གུང་གསེང་སྐབས་ཀྱི་ཁྲོམ་རའི་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ལྔ་གཅིག་གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་དང་རིག་གནས་ཁང་སོ་སོའི་སྒོ་འབྱེད་པའི་དུས་ཡུན་ཇེ་རིང་དུ་བཏང་ནས། མཚན་མོའི་འཛད་སྤྱོད་ལས་གཞི་བཀོད་སྒྲིག་བྱེད་པ་དང་། རིག་གནས་ཡུལ་སྐོར་ཀྱི་ཁོར་ཡུག་གསར་བ་བསྐྲུན་པ། གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་འགྲེམ་སྟོན་དང་དམངས་སྲོལ་ཉམས་ལེན་སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱེད་པ་དང་། ལྔ་གཅིག་འཛད་སྤྱོད་དུས་སྐབས་དང་ཟུང་འབྲེལ་བྱས་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཡིག་བཀྲམ་པ། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་བྱེད་པ། སྐྱེ་ཁམས་ཞིབ་སློབ་དང་དམར་པོའི་ཡུལ་སྐོར་སོགས་ཀྱི་བརྗོད་དོན་ཐོན་རྫས་གསར་སྤེལ་བྱེད་པ། ཞིང་སྡེའི་ཡུལ་སྐོར་ས་ཚིགས་དང་རིམ་པAཅན་གྱི་ལྗོངས་ཁུལ་མཉམ་འབྲེལ་བྱས་ཏེ། ཡུལ་སྐོར་བའི་སྣ་མང་ཅན་དང་སྒེར་གཤིས་ཅན་གྱི་འཛད་སྤྱོད་དགོས་མཁོ་སྐོང་བའི་སྐུལ་མ་བཏང་།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཕྱོགས་ཡོངས་ནས་བདེ་འཇགས་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། གཙོ་བོ་ལྗོངས་ཁུལ་གྱི་དམིགས་བསལ་སྒྲིག་བཀོད་དང་། མེ་ཟོན་སྒྲིག་ཆས། འགྲིམ་འགྲུལ་འགག་གནད། བཟོ་སྐྲུན་རྙིང་བ་སོགས་ཉེན་ཁ་ཆེ་བའི་ཁུལ་ལ་དམིགས་ནས་དྲ་རྒྱ་རྣམ་པའི་གྲལ་བཤེར་བྱེད་ལ། གནད་དོན་གྱི་གསལ་ཐོ་བཟོ་བར་མ་ཟད་དུས་བཅད་ལྟར་ཐག་གཅོད་བྱེད་བྱེད་པ། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་བཀག་སྡོམ་ནན་མོ་བཅུ་ལག་བསྟར་ནན་མོ་བྱས་ཏེ། ཁེ་ལས་ཀྱི་ཚོང་གཉེར་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་བྱེད་པ། འཛུམ་མདངས་ཀྱི་ཞབས་ཞུ་དང་ཡིད་རྟོན་ཚོང་གཉེར་གྱི་སྤྱི་ཕན་ཚོང་འཕྲིན་དྲིལ་སྒྲོག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཁེ་ལས་ཀྱི་ཞབས་ཞུའི་འདུ་ཤེས་དང་ལས་རིགས་ཆུ་ཚད་མཐོར་འདེགས་གཏོང་བ། ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཁྲོམ་རའི་མངོན་གསལ་གནད་དོན་ཆེད་དོན་ལེགས་བཅོས་བྱེད་པ་དང་། སྣེ་ཤན་པའི་རྙོག་འཛིང་གི་སྣང་ཚུལ་དང་དྲིལ་སྒྲོག་རྫུན་མ་སོགས་ཀྱི་ལེགས་བཅོས་ནང་དོན་ཆེན་པོ་དྲུག་ལ་དམིགས་ནས། བྱ་བའི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། ལུགས་མཐུན་མིན་པའི་རིན་དམའི་ཡུལ་སྐོར་དང་དྲིལ་སྒྲོག་རྫུན་མ། བཙན་ཤེད་ཀྱིས་དངོས་རྫས་ཉོ་རུ་འཇུག་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། རིག་གནས་ཡུལ་སྐོར་ཁྲོམ་ར་ནུས་ལྡན་སྒོས་ཚད་ལྡན་དུ་གཏོང་རྒྱུ་རེད།
དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་དམ་པོར་བཙུགས་ནས། སྐྱོན་ཆ་ཡོད་བཞིན་དུ་འཁོར་རྒྱུག་བྱེད་པ་དང་ཉེན་ཁ་ཡོད་བཞིན་དུ་སྒོ་འབྱེད་པ་གཏན་འགོག་བྱེད་རྒྱུ་རེད། མྱུར་དུ་བཅོས་སྒྱུར་བྱེད་པ་དང་ཡུན་རིང་འཛུགས་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། ལྔ་གཅིག་གུང་གསེང་སྐབས་ཀྱི་མངོན་གསལ་གནད་དོན་མྱུར་མོར་ཐག་གཅོད་བྱེད་པ་དང་། དོན་རྐྱེན་ལས་བྱུང་བའི་ཉམས་མྱོང་ལ་དམིགས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་ལྡན་ཅན་གྱི་མ་ལག་འཐུས་ཚང་འཛུགས་པ་དང་། རིག་ནུས་ལྟ་སྐུལ་དོ་དམ་སྟེགས་བུ་ཁྱབ་གདལ་བཏང་སྟེ། མི་མངོན་པའི་རྐྱེན་ངན་འགུལ་རྣམ་ཐག་གཅོད་བྱེད་པ་དང་། གུང་གསེང་གི་འགན་སྲུང་མཐུན་སྦྱོར་བྱ་བར་ཤུགས་སྣོན་པ། སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ནས་ཁུལ་ཁོངས་གཙོ་བོར་སྐོར་ཞིབ་བྱེད་པ་དང་། 12345ཞུ་གཏུག་རྒྱུ་ལམ་གེགས་མེད་ཡོང་བར་བྱས་ཏེ། གླེང་ཕྱོགས་མྱུར་མོར་ཐག་གཅོད་པ་དང་། བདེ་འཇགས་རིམ་ལྡན་དང་ཞབས་ཞུ་སྤུས་ལེགས་ཅན་གྱི་གུང་གསེང་སྐབས་ཀྱི་རིག་གནས་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།