ལྔ་གཅིག་དུས་ཆེན་སྐབས་སུ་མཚོ་སྔོན་གྱི་འཚོ་བའི་མཁོ་དངོས་ཚོང་རའི་འདོན་སྤྲོད་འདང་ངེས་ཡིན་ལ་འགན་སྲུང་ཐོབ་ཡོད།
2025.05.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་གནས་ཚུལ་སྤེལ་ཏེ། ཚོང་གཉེར་པུའུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྔ་གཅིག་དུས་ཆེན་སྐབས་ཀྱི་ཚོང་རའི་འདོན་སྤྲོད་འགན་སྲུང་བྱ་བྱ་ཡག་པོར་སྒྲུབ་པའི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་སྡེ་ཁག་གིས་དུས་ཆེན་གྱི་འཛད་སྤྱོད་ཁྱད་ཆོས་དང་སྡོད་དམངས་ཀྱི་འཚོ་བའི་དགོས་མཁོ་ལ་དམིགས་ཏེ། སྔ་མོ་ནས་འཆར་འགོད་དང་། ནན་ཏན་གྱིས་བཀོད་སྒྲིག་བྱས་ཤིང་། བྱ་བའི་འགན་འཁྲི་ཏན་ཏིག་སྒོས་ལག་བསྟར་བྱས་ལ། ཉོ་འཚོང་ཁེ་ལས་ཀྱི་སྣེ་ཁྲིད་ནས་རིགས་སོ་སོའི་འཚོ་བའི་མཁོ་དངོས་ཀྱི་འདོན་སྤྲོད་ཆུ་ཚད་ཇེ་མཐོར་བཏང་སྟེ། དུས་ཆེན་སྐབས་ཀྱི་ཚོང་རའི་འདོན་སྤྲོད་འདང་ངེས་ཡིན་ཅིང་། བརྟན་འཇགས་དང་གོ་རིམ་ལྡན་པར་འགན་སྲུང་བྱས།

ཚོང་དོན་སྡེ་ཁག་གིས་ཁེ་ལས་ཀྱི་མཛུབ་སྟོན་ཤུགས་དྲག་ཏུ་བཏང་སྟེ་དངོས་ཟོང་གི་འདོན་སྤྲོད་ལ་ཁག་ཐེག་བྱས། 2025ལོའི་ཞིང་ཆེན་ཡོངས་ཀྱི་འདོན་སྤྲོད་འགན་སྲུང་གི་ཁེ་ལས་གཙོ་བོ174མིང་ཐོ་བཙུགས་ཤིང་གསར་སྒྱུར་བྱས་ཡོད་དེ། དེའི་ཁྲོད་ཐོན་སྐྱེད་ཁེ་ལས་དང་། དངོས་ཟོང་འཁོར་རྒྱུགས་སྐྱེལ་འདྲེན་དང་གསོག་འཇོག ཞིང་ལས་ཉོ་ཚོང་ཁྲོམ་ར། སྒོ་བསྟེན་ཚོང་ཁང་ཆེ་གྲས་སོགས་ཁེ་ལས་རིགས་འདུས་ཡོད་ཅིང་། འབྲུ་རིགས་དང་གཡིས། ཤ། སྒོ་ང་། སྔོ་ཚལ་སོགས་རིགས་སོ་སོའི་འཚོ་བའི་མཁོ་དངོས་མང་པོ་འདུས་ཡོད། ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་དང་། འབྲུ་སྣུམ་ཚོང་ར། ཤ་རིགས་བཤས་ཁང་དང་སྒོ་བསྟེན་ཚོང་ཁང་སོགས་འདོན་སྤྲོད་འགན་སྲུང་གི་ཁེ་ལས་གཙོ་བོ་དང་ཐོན་སྐྱེད་ཕྱིར་འཚོང་སྦྲེལ་མཐུད་ཐུབ་པར་མཛུབ་སྟོན་གང་ལེགས་བྱས་ཤིང་། ཞིང་ཆེན་གཞན་པ་དང་། ས་གནས་ཐོན་སྐྱེད་རྟེན་གཞི། རྨ་ཆུའི་སྟོད་རྒྱུད་འདོན་སྤྲོད་ཁེ་ལས་བར་གྱི་སྦྲེལ་མཐུད་ལ་ཤུགས་བསྣན་པ་དང་། ལྷག་པར་དུ་ཀན་སུའུ་དང་། ཧྲའན་ཞི། ཡུན་ནན། སི་ཁྲོན། ཧི་ནན། ཧྲན་ཏུང་སོགས་ཞིང་ཆེན་གཞན་པའི་བར་དུ་འདོན་སྤྲོད་ཚོང་གཉེར་གྱི་མཉམ་ལས་སྤེལ་བར་ཤུགས་བསྣན་ཏེ། ཤ་དང་སྔོ་ཚལ། སྒོ་ང་། སིལ་ཏོག་སོགས་དངོས་ཟོང་སྦྲེལ་མཐུད་དང་ཚོང་རྫས་སྐྱེལ་འདྲེན་བྱ་བ་བཟང་པོར་བསྒྲུབ་ནས། དྲ་ལམ་དང་ཡུལ་དངོས་ཀྱི་ཚོང་ཟོང་རྒྱུ་ལམ་རྒྱ་བསྐྱེད་དེ་ནུས་ཤུགས་ཡོད་རྒུས་ཚོང་རའི་འདོན་སྤྲོད་ཆུ་ཚད་ལ་འགན་སྲུང་བྱས་ཡོད།

དུས་མཉམ་དུ། དུས་ཆེན་སྐབས་ཀྱི་འཚོ་བའི་མཁོ་དངོས་ཚོང་རའི་ལྟ་ཞིབ་ཚད་ལེན་བྱ་བ་ཤུགས་དྲག་ཏུ་བཏང་། ཚོང་དོན་པུའུ་ཡི་ནང་མཁོའི་ཉོ་ཚོང་ལས་རིགས་གཅིག་གྱུར་ལྟ་ཞིབ་ཚད་ལེན་སྟེགས་བུའི་ལྟ་ཞིབ་ཚད་ལེན་གཞིར་བཟུང་བས།  མཚོ་སྔོན་གྱི་འཚོ་བའི་མཁོ་དངོས་ཚོང་རའི་སྤྱིའི་འདོན་སྤྲོད་བརྟན་པོ་ཡིན་ལ། ཆད་ལྷག་ཤོར་བ་དང་རིན་གོང་འགྱུར་ལྡོག་གི་སྣང་ཚུལ་བྱུང་མེད། ཟླ4ཚེས24ཉིན་ནས་ཚེས29ཉིན་བར། མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་གྱིས་ཉིན་རེར་ཆ་སྙོམ་གྱིས་སྔོ་ཚལ་ཏུན1801དང་། སིལ་ཏོག་ཏུན345། སྒོ་ང་ཏུན143ཚོང་རར་བསྡུས་ཤིང་། ཟི་ལིང་རིན་ཅེ་དང་། ཀྲུང་ཀྲོང་། བསྡུ་འགྲེམ་ལྟེ་གནས་སོགས་འབྲུ་སྣུམ་སྡེབ་ཚོང་ཚོང་ར་གསུམ་གྱིས་ཉིན་རེར་འབྲས་ཏུན3190དང་། ཕྱེ་ཏུན3073། གཡིས་ཏུན1424མཛོད་དུ་གསོག་བཞིན་ཡོད་ལ། ཀྲུང་ལིས་དང་། ཡུས་ཐེ། ཀྲུང་ཧི། ཧུའུ་ཡོན་ཕྱུགས་ལས་སོགས་ཤ་རིགས་བཤས་གཏོང་ཁེ་ལས་དྲུག་གིས་ཉིན་རེར་ཆ་སྙོམ་གྱིས་ཕག་ཤ་ཏུན22ལྷག་དང་། སྐམ་ཤ་ཏུན30ལྷག ལུག་ཤ་ཏུན26ལྷག་འདོན་སྤྲོད་བྱས་ཡོད་པས། སྔོ་ཚལ་དང་འབྲུ་སྣུམ། ཤ་རིགས་སོགས་ཀྱི་འདོན་སྤྲོད་འདང་ངེས་ཡིན་ལ་འགན་སྲུང་ཐོབ་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།