མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་ཚན་རྩལ་གྲུབ་འབྲས་འོས་སྦྱོར་ཚོགས་འདུ་བསྡུས།
2025.05.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་མཛུབ་སྟོན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལྟེ་གནས་མཚོ་སྔོན་ཞིང་ཆེན་ཚན་རྩལ་གསར་གཏོད་མཉམ་ལས་བརྗེ་རེས་ལྟེ་གནས་ཀྱིས་གཙོ་སྒྲུབ་མཛད་པའི་མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་ཀྱི་སྒུལ་ནུས་དང་ཚན་རྩལ་གྱིས་སྟོབས་ནུས་སྩོལ་བ་ཞེས་པའི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་མུ་འབྲེལ་བྱ་འགུལ་གྱི་མགོ་རྩོམ་ཚོགས་འདུ་དང་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་ལས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་བསྡུས། ཐེངས་འདིའི་བྱ་འགུལ་ལས་མཁོ་འདོན་སྦྲེལ་མཐུད་བརྒྱུད་དེ། ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་གསར་གཏོད་ཟབ་སྤེལ་བྱས་པ་དང་། ཚོད་ལྟ་ཁང་གི་ཞིབ་འཇུག་གྲུབ་འབྲས་དེ་ཐོན་ལས་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་།

ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་བྱ་འགུལ་སྤེལ་བ་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསར་སྤེལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཚན་རྩལ་གྱི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དུ་ཚུལ་སྒྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། མགོ་རྩོམ་ཚོགས་འདུའི་སྟེང་ཚྭ་མཚོའི་ཐོན་ལས་དེ་ཐོན་ཁུངས་གསར་སྤེལ་རྣམ་པ་ནས་ཚན་རྩལ་གསར་གཏོད་རྣམ་པར་ཐོལ་བརྒལ་བྱེད་པར་སྐུལ་འདེད་གཏོང་བའི་རེ་བ་དང་བླང་བྱ་བཏོན་པ་དང་། མཐོ་རིམ་སློབ་གྲྭ་དང་ཚན་རྩལ་ཞིབ་འཇུག་ཁང་། ཁེ་ལས་བཅས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་དང་། གསར་གཏོད་ཀྱི་སྒུལ་ནུས་དང་ཚན་རྩལ་གྱིས་སྟོབས་ནུས་སྩོལ་བ་ཞེས་པ་བརྗོད་དོན་བྱས་ཏེ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་པའི་མུ་འབྲེལ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རྩལ་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

ཚྭ་མཚོའི་ཐོན་ལས་འོས་སྦྱོར་ཚོགས་འདུའི་སྟེང་། མཚོ་སྔོན་སློབ་ཆེན་དང་ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོའི་ཞིབ་འཇུག་ཁང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཆེད་མཁས་པ་བཅས་ཀྱིས་ཚྭ་མཚོ་ལས་ལིས་ལེན་པ་དང་། ཚྭ་མཚོའི་མའེ་ཐོན་ཁུངས་ཀྱི་བེད་སྤྱོད། ཚྭ་མཚོ་ལས་ནུས་མཐོ་སྒོས་ཕིན་ལེན་པ་སོགས་ཚན་རྩལ་གྲུབ་འབྲས་གསར་བར་དམིགས་ནས་ཆེད་དོན་སྙན་ཞུའི་གཏམ་བཤད་སྤེལ་བས། ཚན་རྩལ་གྲུབ་འབྲས་ཀྱི་གསར་གཏོད་རང་བཞིན་ཆེ་བ་དང་། ཁྲོམ་རའི་མདུན་ལྗོངས་ཡངས་ལ། བེད་སྤྱོད་ཀྱི་རིན་ཐང་མཐོ་བར་བརྟེན། འབྲེལ་ཡོད་ཁེ་ལས་བར་རྒྱ་ཆེར་མཉམ་ལས་བྱས་ནས་ཚུར་སྣང་དྲག་པོ་བྱུང་།

རང་ཞིང་གིས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། དག་གཙང་ནུས་ཁུངས། སྐྱེ་ཁམས་ཞིང་ཕྱུགས། མཐོ་སྒང་ཁམས་གསོ། བོད་སྨན་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ནས། སྤུས་ལེགས་ཚན་རྩལ་གྲུབ་འབྲས་ཀྱི་མཁོ་འདོན་སྦྲེལ་མཐུད་བྱ་འགུལ་རྒྱུན་མཐུད་སྒོས་སྤེལ་བ་དང་། གྲུབ་འབྲས་འགྲེམ་སྟོན་དང་ཆེད་ཁེ་འོས་སྦྱོར། མཁོ་འདོན་གྲོས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བར་སྟེགས་བུ་དང་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་རྣམ་པ་གསར་བ་མཉམ་དུ་བཏོད་དགོས།

ལྷ་མོ་འཚོས་བསྒྱུར།