ཟླ4ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཆེན་སྐབས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བདེ་འཇགས་གེགས་མེད་ཡོང་བར་འགན་སྲུང་བྱ་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་གཞུང་ལམ་དང་ཉེན་རྟོག་གནམ་གཤིས་ཁེ་ལས་བཅས་མཐུན་སྦྱོར་མཉམ་འབྲེལ་དང་། གློག་གསོག་ཞབས་ཞུ་ལེགས་སྒྱུར་གཏོང་བ། ཞབས་ཞུ་ས་ཚིགས་ཀྱི་སྤུས་ཀ་མཐོ་རུ་གཏོང་བ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་བདེ་འཇགས་དང་སྟབས་བདེའི་ངང་འགྲུལ་བཞུད་ཐུབ་པར་ཁག་ཐེག་བྱས།
ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ད་ཡོད་ཀྱི་བརྙན་རིས་དོ་དམ་སྟེགས་བུ་དང་འགྲིམ་འགྲུལ་ཚད་གྲངས་བརྟག་དཔྱད་སྒྲིག་ཆས་ཀྱི་བསྡུ་ལེན་གཞི་གྲངས་བེད་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ལམ་དུམ་གཙོ་བོར་སྤྱི་ཁོག་ནས་ལྟ་ཞིབ་ཚད་ལེན་བྱ་བ་སྤེལ། དུས་མཉམ་དུ། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་སྒོས་ལམ་དུམ་སོ་སོའི་རླངས་འཁོར་འཁོར་རྒྱུགས་གྲངས་ཚད་ཀྱི་འགྱུར་ལྡོག་དང་ཤར་གཏོང་གནས་ཚུལ་ལ་དོ་སྣང་ཟབ་མོ་བྱས་ཤིང་། ཕྱོགས་བསྡུས་སྔོན་བརྡའི་བརྡར་གཅོད་བརྒྱུད། གཞུང་ལམ་གྱི་འཁོར་རྒྱུགས་གནས་ཚུལ་གྱི་ཤེས་རྟོགས་ནུས་པ་ཇེ་མཐོར་བཏང་། གནམ་གཤིས་སྡེ་ཁག་གིས་དུས་ཆེན་སྐབས་ཀྱི་གཞུང་ལམ་འགྲམ་རྒྱུད་ཀྱི་འགག་རྩའི་རང་བཞིན་དང་། དཀྱོགས་མཚམས་རང་བཞིན། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་དམིགས་ཏེ། དུས་ཚོད48སྔོན་དུ་གནམ་གཤིས་གལ་ཆེན་གྱི་བརྒྱུད་རིམ་གྱི་སྔོན་བརྡ་དང་། གནམ་གཤིས་ངན་པ་ལས་ལམ་དུམ་ལ་ཤུགས་རྐྱེན་བཟོ་བའི་གནམ་གཤིས་གནས་ཚུལ་སོགས་ཉེན་ཁའི་སྔོན་བརྡ་ཁྱབ་བསྒྲགས་བྱས་ཏེ། ཐོལ་བྱུང་གནས་ཚུལ་དུས་ལྟར་ཐག་གཅོད་ཐུབ་པར་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད།
མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མ་རྐང་སྡེ་ཚོགས་ཚད་ཡོད་ཀུང་སིས་ཆེད་སྤྱོད་རྒྱུ་ལམ་བཙུགས་ཏེ། འགྲུལ་བ་དང་དངོས་ཟོང་རིགས་བགར་འཁོར་སྐྱོད་ཐུབ་པ་མངོན་འགྱུར་བྱུང་ལ། ལམ་དུམ་གཙོ་བོ63ནས་གཞུང་ལམ་གཅིག་ལ་སྲིད་ཇུས་གཅིག་གི་དོ་དམ་ལག་བསྟར་བྱས་ཤིང་། རིགས་བགར་འཁོར་རྒྱུགས་སྔོན་ཇུས་སྔོན་ལ་གཏན་འབེབས་བྱས། ཐོལ་བྱུང་གི་གནས་ཚུལ་ལ་འཕྲད་ཚེ། ཐག་ཉེ་རིང་གི་མཉམ་སྒུལ་ཁ་འགྲེམ་མཛུབ་སྟོན་བྱེད་ཐབས་མྱུར་དུ་བསྡུ་ལེན་བྱས་ཆོག འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བརྙན་རིས་དང་ལམ་ངོས་ནས་སྐོར་ཞིབ་བྱེད་པའི་རྐྱེན་སྲོལ་བརྒྱུད་དེ་ཐག་གཅོད་ལས་ཆོད་ཇེ་མཐོར་བཏང་ཞིང་། ཉེན་ཁ་ཆེ་བའི་ལམ་དུམ་དུ་དུས་ལྟར་དོ་དམ་ཚོད་འཛིན་བྱས་ལ། ཉེ་འཁོར་དོ་དམ་ཚོད་འཛིན་དང་། ཐག་རིང་གསལ་འདེབས། གནས་མང་ཁག་འགྲེམ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་བེད་སྤྱོད་བྱས་པ་དང་། རླངས་འཁོར་གྱིས་ཉེན་ཁ་བརྒྱུད་ནས་འགྲོ་བར་འགོག་སྲུང་ནན་མོ་བྱས་ནས་གཞུང་ལམ་དྲ་བ་བདེ་འཇགས་དང་གོ་རིམ་ལྡན་པར་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱས། དེ་ལས་གཞན། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ས་གནས་སྲིད་གཞུང་དང་། འཕྲལ་བསྟུན། གནམ་གཤིས། འགྲིམ་འགྲུལ་ཉེན་རྟོག་སོགས་སྡེ་ཁག་དང་མཉམ་འགུལ་གྱིས། ཞོད་འགོག་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་འཕྲལ་བསྟུན་དངོས་རྫས་གྲབས་གསོག་དོ་དམ་ལ་ཤུགས་བསྣན་ནས། དམངས་ཕན་ཞབས་ཞུ་ས་ཚིགས18ལ་གཞི་བཅོལ་ཏེ་ཕྱོགས་ཡོངས་ཀྱི་ཁྲིམས་བསྟར་འགན་སྲུང་འདོན་སྤྲོད་བྱས།
ཞིང་ཆེན་ཡོངས་ཀྱི་མྱུར་ལམ་དང་གཞུང་ལམ་ཞབས་ཞུ་ས་ཚིགས། རིན་ལེན་ས་ཚིགས་བཅས་ཀྱི་བརྩེ་སེམས་ཞབས་ཞུ་རིམ་སྤོར་བྱས། འབྲེལ་ཡོད་སྡེ་ཁག་གིས་ཞབས་ཞུ་ས་ཚིགས་ཀྱི་འགན་སྲུང་མཁོ་འདོན་ནུས་ཚད་ཇེ་ཆེར་བཏང་བ་དང་། ཆེད་དོན་འགན་སྲུང་ཇུས་གཞི་གཏན་འབེབས་བྱས་ལ། གློག་གསོག་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཞིག་གསོ་བྱས། གློག་གསོག་གི་འདུ་འཛི་ཆེ་བའི་ཞབས་ཞུ་ས་ཚིགས་ཀྱི་མཛུབ་སྟོན་བཀོད་སྒྲིག་མི་སྣས་གློག་གསོག་གི་སྒྲིག་རིམ་ལེགས་པོ་ཡོང་བར་ཁག་ཐེག་བྱས་ཡོད། ཞབས་ཞུ་ས་ཚིགས་གཙོ་བོའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། བདེ་སྲུང་མི་སྣ་ཁ་སྣོན་འོས་འཚམ་དང་། མཚན་མོའི་སྐོར་ཞིབ་ཐེངས་གྲངས་ཇེ་མང་དུ་བཏང་ཞིང་། ངལ་གསོའི་དུས་ཚོད་ལེགས་སྒྲིག་བྱས་ལ། རླངས་འཁོར་སྣེ་ཁྲིད་ལ་ཤུགས་བསྣན་ནས། རླངས་འཁོར་གཏོང་འཇོག་གི་སྒྲིག་ལམ་གོ་རིམ་ལྡན་པར་ཁག་ཐེག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།