ཟླ5པའི་ཚེས1ཉིན། ཐུང་ཀྲོའུ་དང་གཅན་ཚ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྱི་ལུས་རྩལ་ལྟེ་གནས་སུ་བསྡུས།
བྱ་འགུལ་གྱི་ཡུལ་དངོས་སུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་རིག་གནས་ཡུལ་སྐོར་ཁྱབ་གདལ་སྒྱུ་རྩལ་ཚོགས་པ་དང་ཐུང་ཀྲོའུ་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་ཏེ། ཡུལ་དངོས་ཀྱི་ལྟད་མོ་བར་རིག་རྩལ་གྱི་ལྟད་མོ་གྱ་ནོམ་པ་ཞིག་བཤམས། དེའི་རྗེས་སུ། གཅན་ཚ་རྫོང་རིག་གནས་ཡུལ་སྐོར་ཅུའུ་དང་ཐུང་ཀྲོའུ་ཆུས་ཀྱི་མཉམ་ལས་ཁང་གཉིས་ཀྱིས་ཡུལ་སྐོར་བ་འགུག་པའི་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་དངོས་སུ་མིང་རྟགས་བཀོད། ཐེངས་འདིའི་མཉམ་ལས་ཀྱི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། གཅན་ཚ་རྫོང་གི་ཡུལ་སྐོར་འགྲུལ་ཁུངས་ཁྲོམ་ར་རྒྱ་བསྐྱེད་པ་དང་། ཡིད་འོང་གཅན་ཚའི་ཡུལ་སྐོར་ཟོང་རྟགས་ཁྲོམ་རའི་ཤུགས་རྐྱེན་ཇེ་ཆེར་གཏོང་ཆེད་ཡིན།
ཁང་གཡང་གྲོང་རྡལ་ཞིན་ཞིན་ཞིང་ལས་མཉམ་ལས་ཁང་དང་། མཚོ་སྔོན་དབྱིན་ཧྥུའུ་འབྲུ་རིགས་སྣ་ལྔའི་རིས་བརྒྱན་གསར་སྤེལ་ཚད་ཡོད་ཀུང་ཟི། གཅན་ཚ་རྫོང་གླིང་རུ་སྲོལ་རྒྱུན་མདའ་གཞུ་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་ཟི་སོགས་གཅན་ཚ་རྫོང་གི་ཁེ་ལས་ཉེར་གཅིག་འགྲེམ་སྟོན་ཚོགས་རར་ཞུགས། འགྲེམ་སྟོན་སྟེགས་བུར། གཅན་ཚ་རྫོང་གི་སྲོལ་རྒྱུན་མདའ་གཞུ་དང་། སྤུས་ལེགས་གཙག་དྲུབ། འབྲུ་རིགས་སྣ་ལྔའི་རིས་བརྒྱན་སོགས་རིག་གནས་ལག་ཤེས་བཟོ་རྩལ་ཐོན་རྫས། དེ་མིན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བཅས་ལྟ་བས་མི་ངོམ་པ་བཤམས་ནས་མིག་དབང་འཕྲོག་པར་བྱས་ལ། གཅན་ཚའི་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་དང་དངོས་ཐོན་གྱི་མཛེས་ཉམས་མངོན་ཡོད།
ཉེ་བའི་ལོ་འགའི་རིང་། གཅན་ཚ་རྫོང་ཧུར་ཐག་གིས་མཚོ་སྔོན་གྱི་ལྟེ་སྙིང་གཅིག་དང་འཁོར་ལམ་གཅིག་སྣེ་མང་པོའི་ཡུལ་སྐོར་འཕེལ་རྒྱས་རྣམ་པར་འདྲེས་པར་བྱས་པ་དང་། རང་ངོས་ཀྱི་ཐོན་ཁུངས་དགེ་མཚན་སྔོན་འདོན་ཟབ་མོ་བྱས་ཏེ། མིའི་ཁམས་དང་བསྟུན་པའི་ནམ་ཟླའི་ཆ་རྐྱེན་དང་། ཁུལ་ཁོངས་ཀྱི་དགེ་མཚན། མི་གཞུང་ནང་དོན་ཟབ་མོ་བཅས་ལ་བརྟེན་ཞིང་། ཡིད་འོང་གཅན་ཚའི་རིག་གནས་ཉིང་བཅུད་ལ་དམིགས་ནས། རིག་གནས་ཡུལ་སྐོར་ཐོན་ལས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་། མིག་སྔར། རྒྱལ་ཡོངས་ཀྱི་སྲོལ་རྒྱུན་སྡེ་བ་བཅོ་ལྔ་དང་། མཐོ་སྒང་གི་མཛེས་པའི་ཞིང་སྡེ་བདུན། ཞིང་སྡེའི་རིག་གནས་ཡུལ་སྐོར་ལྗོངས་ཁུལ་ཉེར་བརྒྱད། ཡུལ་སྐོར་སྣེ་ལེན་ས་ཚིགས་ཉེར་དགུ་བཅས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བར་མ་ཟད། སྤུས་ལེགས་ཡུལ་སྐོར་ལམ་ཐིག་དྲུག་འཆར་འགོད་བྱས། དེ་དང་མཉམ་དུ། རྒྱལ་སྤྱིའི་གདན་ཞུའི་མདའ་རྩལ་འགྲན་སྡུར་སྐབས་བདུན་དང་མདའ་སྟོན་རིག་གནས་བྱ་འགུལ། འགྲན་སློང་འགྲན་སྡུར་སོགས་རྒྱལ་སྤྱིའི་ལུས་རྩལ་འགྲན་སྡུར་སྤེལ་ནས། གཅན་ཚ་དང་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ལུས་རྩལ་ཡུལ་སྐོར་བརྗེ་རེས་མཉམ་ལས་ཀྱི་སྦྲེལ་ཟམ་བསྐྲུན།
ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་གཅན་ཚ་དང་ཐུང་ཀྲོའུ་ས་གནས་ཀྱི་མཛེས་ཉམས་མངོན་པའི་སྒེའུ་ཁུང་དང་། མི་རྣམས་ཀྱིས་ས་གནས་གཉིས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུས་ལོན་བྱེད་པ་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་མཛེས་ལྗོངས་ཉམས་སུ་མྱོང་བར་གོ་སྐབས་འདོན་སྤྲོད་བྱས། མ་འོངས་པར། ས་གནས་གཉིས་ཀྱིས་རིག་གནས་སྦྲེལ་ཟམ་དུ་བྱས་ནས། རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་དང་ཕྱི་ཕྱོགས་ལ་བརྗེ་རེས་བྱེད་པའི་སྟེགས་བུ་ཆེན་པོ་བསྐྲུན་པ་དང་། མི་སྔར་ལས་མང་པོར་གྲོང་ཁྱེར་གཉིས་ཀྱི་དམིགས་བསལ་མཛེས་ཉམས་མྱོང་དུ་འཇུག་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།