གུང་གསེང་དུས་སྐབས་སུཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་ཡུལ་སྐོར་པའི་གྲངས་ཀ་དུས་མཉམ་ལས60%འཕར།
2025.05.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས1ཉིན། འཛམ་གླིང་ས་གཤིས་སྤྱི་གླིང་དངོས་སུ་ཆོག་མཆན་ཐོབ་རྗེས་ཀྱི་དུས་ཆེན་དང་པོ་ཡིན་པའི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ2000ཙམ་སྣེ་ལེན་བྱས་པ་དང་། དེ་དུས་རིམ་སྔོན་མ་ལས60%འཕར་ཡོད།

ཡུལ་སྐོར་བར“ལྔ་གཅིག”དུས་སྐབས་སུ་ཡུལ་སྐོར་ཉམས་ལེན་སྤུས་ལེགས་ཡོང་བར་འགན་ལེན་བྱ་ཆེད། ཁམས་ར་མཛེས་ལྗོངས་ཁུལ་གྱིས་ཕྱོགས་ཡོངས་ནས་གྲ་སྒྲིག་བྱས་ཡོད། མཛེས་ལྗོངས་ཁུལ་གྱིས་ལས་བཟོ་པའི་གསོ་སྦྱོང་སྔ་སྣུར་བྱས་ནས་ལས་བཟོ་པའི་ཞབས་ཞུའི་འདུ་ཤེས་དང་འཕྲལ་སྒྲུབ་ཐག་གཅོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས། གནས་ཚུལ་སྣ་ཚོགས་ལ་འཕྲད་སྐབས་མགྱོགས་མྱུར་དང་ལེན་དང་ཐག་གཅོད་འོས་འཚམ་ཐུབ་པའི་འགན་ལེན་བྱས་ཡོད། རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་ཐད་བགྲོད་ལམ་དང་ཤིང་གཅལ་ལམ་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བཟོ་བཅོས་བྱས་ནས། སྒྲིག་བཀོད་བདེ་འཇགས་དང་བདེ་བླག་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་ཡུལ་སྐོར་བ་ཚོར་སེམས་བདེ་བའི་ཡུལ་སྐོར་ཁོར་ཡུག་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག འཛམ་གླིང་ས་གཤིས་སྤྱི་གླིང་གི་ཚད་གཞི་གཞིར་བཟུང་ནས། མཛེས་ལྗོངས་ཁུལ་གྱི་མཚོན་རྟགས་གསར་བརྗེས་བྱས་ནས་མཛུབ་ཁྲིད་སྔར་ལས་གསལ་པོ་བྱས་ཏེ། ཡུལ་སྐོར་བས་མཛེས་ལྗོངས་ཁུལ་གྱི་ཁྱབ་ཚུལ་དང་ཡུལ་སྐོར་ལམ་ཐིག་སྟབས་བདེ་ངང་ཤེས་རྟོགས་ཐུབ་ནས་ཡུལ་སྐོར་ཉམས་ལེན་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས

དེ་ལས་གཞན། མཛེས་ལྗོངས་ཁུལ་དུ་གཉེར་སྐྱོང་བྱེད་པར་མཁོ་བའི་རླངས་འཁོར་དང་གྲུ་གཟིངས་གསར་དུ་བསྐྲུན་པ་དང་། ཡུལ་སྐོར་བས་སྒུག་པའི་དུས་ཚོད་ཇེ་ཐུང་དུ་བཏང་ནས་ཡུལ་སྐོར་གྱི་དགོས་མཁོ་གང་ལེགས་སྐོང་ཐུབ་བྱས། དེ་དང་ཆབས་ཅིག  སྔོན་ཐོན་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་དང་སྤ་སེ་འཚོང་བའི་མ་ལག་དྲ་ཐོག་ཏུ་སྤྱད་དེ་རིག་ནུས་ཅན་གྱི་དོ་དམ་མངོན་འགྱུར་བྱས། GPSཡིས་རླངས་འཁོར་དང་གྲུ་གཟིངས་ཚང་མར་གནད་ལ་འཁེལ་བའི་གནས་ཐིག་གཏན་འཁེལ་བྱས་ཏེ། བརྙན་མིག་འཁོར་སྐྱོད་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱས་ནས་ཡུལ་སྐོར་བའི་བདེ་འཇགས་ཕྱོགས་ཡོངས་ནས་འགན་ལེན་བྱས།

ཟླ4ཚེས11ཉིན། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དངོས་སུ་ཆོག་མཆན་ཐོབ། སྤྱི་གླིང་གི་ཁྱབ་ཁོངས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དང་། ཐུན་རིན་གྲོང་ཁྱེར། རྩེ་ཁོག་རྫོང་བཅས་ལས་བརྒལ་བ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3149ཟིན་ཡོད། དེར་ཕུལ་དུ་བྱུང་བའི་ས་ཁམས་རིག་པའི་ཞིབ་འཇུག་རིན་ཐང་དང་། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས། གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་བཅས་ལྡན་པས། སའི་གོ་ལའི་དན་རྟགས་དང་མིའི་རིགས་ཀྱི་ཤེས་རིག་མཉམ་འདྲེས་ཀྱི་གཞི་རྟེན་རྩ་ཆེན་ཞིག་རེད། ཐེངས་འདིའི་འཛམ་གླིང་ས་གཤིས་སྤྱི་གླིང་ལ་ཆོག་མཆན་ཐོབ་པ་དེས་སྐད་གྲགས་ཆེ་བའི་རང་བཞིན་དང་ཤུགས་རྐྱེན་ཆེས་ཆེར་མཐོ་རུ་ཕྱིན།

ཡུལ་སྐོར་ཁྲོམ་ར་མུ་མཐུད་སླར་གསོ་བྱུང་བ་དང་དེ་བཞིན་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས། སྔོན་དཔག་བྱས་ན་འབྱུང་འགྱུར་ཉིན་འགའི་ནང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་སྔར་ལས་མང་བ་བསུ་རྒྱུ་རེད། མཛེས་ལྗོངས་ཁུལ་གཉེར་སྐྱོང་ལས་ཁུངས་ཀྱི་སྤྱིའི་འགན་འཛིན་པ་ཕན་ཁྲི་ཆིན་གྱིས་བསྟན་དོན། དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཡུལ་སྐོར་པར་སྔར་ལས་སྤུས་ལེགས་དང་སེམས་ཞིབ་མོས་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱ་རྒྱུར་གཞོལ་ནས་ཡུལ་སྐོར་བ་ཚང་མར་མཛེས་སྡུག་ལྡན་པའི་ཕྱིར་དྲན་འཇོག་ཐུབ་པ་བྱ་རྒྱུ་ཡིན་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།