མཚོ་ལྷོ་ཁུལ་གྱིས་རྒྱང་བསྟེན་སྨན་བཅོས་ཕྱོགས་ཡོངས་ནས་བེད་སྤྱོད་མགོ་བརྩམས།
2025.05.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས28ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན།    ཅང་སུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་། ཤར་ནུབ་མཉམ་ལས་སོགས་ཀྱི་རོགས་སྐྱོར་རྐྱེན་སྲོལ་ལ་བརྟེན་ནས། རིམ་དབྱེའི་དཔྱད་བཅོས་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན། རྫོང་ཁོངས་ཀྱི་སྨན་བཅོས་སྤྱི་གཟུགས་དོ་དམ་དང་དེ་མིན་རྒྱང་བསྟེན་སྨན་བཅོས་དང་། སློབ་ཁྲིད།    ནད་རྟགས་སོགས་ལྟེ་བའི་བྱེད་ནུས་གཞི་གཅིག་ཏུ་འདུས་པའི་མཚོ་ལྷོ་ཁུལ་སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་ལས་སྟེགས་ཕྱོགས་ཡོངས་ནས་འགྲུབ་ཡོད་པ་མ་ཟད། ཉེ་ལམ་བེད་སྤྱོད་བྱེད་མགོ་བརྩམས་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་ས་ཁོངས་ཀྱི་འཕྲོད་བསྟེན་དང་ཆ་འཕྲིན་ལས་སྟེགས་ཀྱི་རིམ་སྤར་བསྒྱུར་བཀོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་།  ཁུལ་ཁོངས་ཀྱི་རོགས་སྐྱོར་ཐོབ་པའི་སྨན་ཁང་དང་ཞིང་ཆེན་ཕྱི་རོལ་གྱི་རོགས་སྐྱོར་སྨན་ཁང་བར་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་།    སྨན་བཅོས་ཀྱི་ཐོན་ཁུངས་བཀོད་སྒྲིག་གི་རྣམ་པ་ཇེ་ལེགས་སུ་བཏང་། མིག་སྔའི་བར་དུ། སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་ལས་སྟེགས་ཀྱིས་གོང་འོག་མཉམ་འགུལ་བྱས་ཏེ། རྫོང་རིམ་པའི་སྨན་ཁང9དང་གཞི་རིམ་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང41གི་ཆ་འཕྲིན་མ་ལག་གི་གཞི་གྲངས་ཕན་ཚུན་མཉམ་སྤྱོད་བྱས་པ་དང་། རྫོང་རིམ་པའི་སྨན་ཁང་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་རྒྱང་བསྟེན་ནད་བཅོས་མངོན་འགྱུར་བྱེད་ཚད100%ལ་སླེབས་ནས། མང་ཚོགས་ཀྱི་ནད་ལ་སྟོན་དཀའ་བའི་གནད་དོན་དངོས་གནས་ཐག་གཅོད་བྱས།

མིག་སྔར། མཚོ་ལྷོ་ཁུལ་གྱི་རྫོང་ལྔ་ཡི་གཞུང་བཙུགས་སྨན་ཁང་དེ་རྒྱལ་ཁབ་ཞབས་ཞུའི་ནུས་པའི་ཁྱབ་གདལ་ཚད་གཞི་དང་གཞི་རྩའི་ཚད་གཞི་རུ་སླེབས་ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཆུ་ཚད་ཀྱང་རྒྱལ་ཁབ་ཞབས་ཞུའི་ནུས་པའི་ཁྱབ་གདལ་ཚད་གཞི་རུ་སླེབས་ཡོད་ལ། ཞིང་སྡེའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་ཚད 100%ལ་སླེབས་ཡོད། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད་པ་དང་། མཚོ་ལྷོ་ཁུལ་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་རྒྱུད་འཛིན་གསར་སྐྲུན་འཕེལ་རྒྱས་ཚོད་ལྟ་ཁུལ་དུ་བདམས་ཡོད་ལ། ཞིང་ཆེན་རིམ་པའི་དལ་བའི་རང་བཞིན་གྱི་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་དཔེ་སྟོན་ཁུལ་དུ་བདམས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་མཐོ་རུ་གཏོང་བའི་ལས་གཞིའི་ཚོད་ལྟའི་གནས་སུ་བདམས་ཡོད།

མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་བཅོས་སྲིད་དོན་སྨན་སྲིད་ཚན་ཁག་གི་ཚན་གཙོ་ཁྲའོ་མེ་ལན་གྱིས་བཤད་རྒྱུར། མཚོ་ལྷོ་ཁུལ་གྱིས་ཁུལ་དང་རྫོང་། ཡུལ་ཚོ་རིམ་པ་གསུམ་གྱི་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་མ་ཟད།   སྨན་བཅོས་སྤྱི་གཟུགས་ཀྱི་རྫོང་རིམ་པས་སྣེ་ཁྲིད་ནས་སྨན་ཁང་གི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་ལ་རྒྱང་བསྟེན་ནད་རྟགས་བྱེད་པ་དང་། གཟུགས་བརྙན་བརྟག་དཔྱད།    སྙིང་གློག་བརྟག་དཔྱད། རྒྱང་བསྟེན་སློབ་ཁྲིད་སོགས་རྫོང་དང་ཡུལ་ཚོ་གཞི་གཅིག་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

ཤ་བོ་རིན་མཚོས་བསྒྱུར།