རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་མེ་འགོག་མེ་གསོད་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་བྱ་བའི་བླང་བྱ་ལྟར། ཉེ་ལམ། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བཀོད་འདོམས་གཞུང་སྒྲུབ་ཁང་གིས་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་ནགས་རྩྭ་ཅུའུ་། ཞིང་ཆེན་གནས་གཤིས་གནས་ཚུལ་ཅུའུ། རྒྱལ་ཁབ་མེ་ཟོན་རྒུད་སྐྱོབ་ཅུའུ་མཚོ་སྔོན་རུ་ཁག་སགས་སྡེ་ཁག་རྩ་འཛུགས་བྱས་ནས2025ལོའི་ལྔ་གཅིག་གུང་གསེང་སྐབས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནས་བབབ་སྐོར་གྱི་ཚོགས་འདུ་བསྡུས།
ཚོགས་འདུའི་སྟེང་ལྔ་གཅིག་གུང་གསེང་སྐབས་ཀྱི་ནམ་ཟླའི་འགྱུར་ལྡོག་དང་མེ་སྐྱོན་གནས་བབ། འཕྲལ་བསྟུན་སྟོབས་ཤུགས་གྲ་སྒྲིག་བཅས་ཀྱི་གནས་ཚུལ་བསྒྲགས་པ་དང་། རང་ཞིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བའི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་ཏེ། ལྔ་གཅིག་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བར་བཀོད་སྒྲིག་བྱས།
སྔོན་དཔག་བྱས་པ་ལྟར་ན། ལྔ་གཅིག་གུང་གསེང་སྐབས་སུ་མཚོ་སྔོན་བྱང་རྒྱུད་ས་ཁུལ་གྱི་ཉིན་རེའི་ཆེས་མཐོ་བའི་དྲོད་ཚད4~6℃མར་ཆག་རྒྱུ་ཡིན་ལ། ས་ཁུལ་ཁ་ཤས་སུ8℃མར་ཆག་པ་དང་། ལྷོ་རྒྱུད་ས་ཁུལ་དུ་ཆར་འབབ་ཚད་ཅུང་མང་རྒྱུ་རེད། ཟི་ལིང་ས་ཁུལ་དང་མཚོ་ཤར། མཚོ་ལྷོ། རྨ་ལྷོའི་བྱང་རྒྱུད། མཚོ་ནུབ་ནུབ་རྒྱུད། མདའ་བཞི། མདོ་ལའི་ས་ཁུལ་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནམ་གཤིས་ཀྱི་ཚད་རིམ་གསུམ་ནས་ཚད་རིམ་བཞི་ལ་སླེབས་པ་དང་། འབར་རྫས་འབར་སླ་ཞིང་མེ་སྐྱོན་ཁྱབ་ཚད་མགྱོགས་པ་དང་། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཇེ་ཆེར་འགྲོ་སྲིད་པས། འབྲེལ་ཡོད་ས་ཁུལ་སོ་སོས་མེ་ཁུངས་དོ་དམ་དང་མེ་འགོག་དྲིལ་སྒྲོལ་བྱ་བ་ལེགས་པོར་བསྒྲུབ་པ་དང་། མེ་སྐྱོན་འབྱུང་བར་ནུས་ལྡན་སྒོས་སྔོན་འགོག་དང་དོགས་ཟོན་བྱེད་དགོས།
རང་ཞིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནས་གཤིས་ཀྱི་ཚད་རིམ་ཅུང་མཐོ་བ་དང་། མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཛ་དྲག་ཆེ་བའི་གནས་བབ་ལ་དམིགས་ནས། ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་སྔོན་འགོག་གཙོ་བོར་འཛིན་པ་དང་ཚོད་འཛིན་བླང་བྱར་བརྩིས་ཏེ། རྒུད་སྐྱོབ་དོན་ཐོག་ཏུ་འཁྱོལ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བ་ལེགས་པོར་བསྒྲུབ་དགོས། གཅིག་ནས་འགན་འཁྲིའི་ཕྲེང་སྦྲེལ་དམ་འཛིན་བྱེད་དགོས་པ་སྟེ། ཏང་སྲིད་ཀྱིས་མཉམ་དུ་འགན་འཁུར་བ་དང་། ལས་གནས་གཅིག་ནས་འགན་འཁྲི་གཉིས་འཁུར་བ། རིམ་པ་སོ་སོའི་ནགས་དཔོན་ལམ་ལུགས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། མགོ་ཁྲིད་གཙོ་བོས་དངོས་སུ་ཞིབ་འཇུག་བཀོད་སྒྲིག་དང་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། འགན་བགོས་མགོ་ཁྲིད་ལས་ཡུལ་དང་པོར་སོང་ནས་བཀོད་འདོམས་བྱེད་དགོས། ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་དངོས་འབེབས་བྱེད་པ་དང་། ནགས་རྩྭ་དང་འཕྲལ་བསྟུན། སྤྱི་བདེ་སོགས་སྡེ་ཁག་གི་རང་འགན་རང་གིས་འཁུར་བ་དང་མཐུན་སྦྱོར་མཉམ་སྒྲུབ་བྱས་ཏེ། ཚོང་གཉེར་སྡེ་ཁག་གི་འགན་འཁྲི་གཙོ་བོ་ཇེ་དམ་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྐོར་སྲུང་ནན་མོ་བྱས་ནས། རི་བོར་སྐོར་ལྟ་བྱེད་མཁན་ཡོད་པ་དང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་མཁན་ཡོད་པ། མེ་སྐྱོན་ལ་དོ་དམ་བྱེད་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་ལ་ཁག་ཐེག་བྱེད་དགོས། གཉིས་ནས་མེ་སྐྱོན་སྔོན་བརྡའི་ཆ་འཕྲིན་གནད་འཁེལ་སྒོས་ཁྱབ་སྒྲོག་བྱེད་དགོས་པ་སྟེ། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བཀོད་འདོམས་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་ནས་འཕྲལ་བསྟུན་དང་ནགས་རྩྭ། སྤྱི་བདེ། གནམ་གཤིས། མཚོ་སྔོན་སྤོ་འགུལ་རུ་ཁག་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་གྲོས་མོལ་ཞིབ་གཅོད་ལ་ཤུགས་སྣོན་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་ལ་དམིགས་ནས་དུས་ཐོག་ཏུ་མེ་སྐྱོན་སྔོན་བརྡ་གཏོང་བ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ཁ་གཏད་རང་བཞིན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱོད་པར་ལྟ་སྐུལ་མཛུབ་སྟོན་བྱེད་དགོས། གསུམ་ནས་ལས་རེས་ལས་སྲུང་དང་ཆ་འཕྲིན་བརྒྱུད་སྐུར་ལ་ཤུགས་སྣོན་དགོས་པ་སྟེ། ཆུ་ཚོད24རིང་གི་ལས་རེས་དང་མགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། འགོར་འགྱངས་བྱས་ནས་སྙན་ཞུ་བྱེད་པ་དང་གནས་ཚུལ་ལ་ལ་གསང་ནས་སྙན་ཞུ་བྱེད་པ། གནས་ཚུལ་ཁ་ཤས་ལུས་ནས་སྙན་ཞུ་བྱེད་པ་བཅས་གཏན་འགོག་བྱེད་དགོས། ཁུལ་ཁོངས་སུ་བྱུང་བའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། མེ་སྐྱོན་ཡོད་ན་ངེས་པར་དུ་ཡར་ཞུ་བྱེད་པ་དང་རིམ་པ་བཞིན་ཡར་ཞུ་བྱེད་པ། ཁ་གཏད་སྙན་ཞུ་བྱེད་པ་བཅས་ཀྱི་རྩ་དོན་དངོས་འབེབས་ནན་མོ་བྱས་ཏེ། མེ་སྐྱོན་གནས་ཚུལ་དང་ཆ་འཕྲིན་ཚད་ལྡན་སྒོས་ཡར་ཞུ་བྱེད་དགོས། བཞི་ནས་རྒྱུན་རྣམ་ཅན་གྱི་མེ་འགོག་མེ་གསོད་དྲིལ་སྒྲོག་སློབ་གསོ་སྤེལ་དགོས་པ་སྟེ། རྣམ་པ་སྣ་མང་གི་དྲིལ་སྒྲོག་དཔེ་མཚོན་གྱོད་གཞི་དང་མེ་སྐྱོན་རྒུད་སྐྱོབ། འཕྲལ་བསྟུན་ཉེན་གཡོལ་སོགས་ཤེས་བྱ་བཀོལ་དགོས། དུས་མཚམས་གལ་ཆེན་དང་ས་ཁུལ་གཙོ་བོ། ཚོགས་པ་གཙོ་བོ་བཅས་ལ་དམིགས་ནས། ཞིང་ལས་མེ་བཀོལ་དང་ཡུལ་སྐོར་མེ་བཀོལ། ཕྱི་རོལ་ཐོན་སྐྱེད་མེ་བཀོལ་སོགས་ཆེད་དོན་དྲིལ་སྒྲོག་ཚད་ལྡན་སྒོས་སྤེལ་བ་དང་། རོང་འབྲོག་མང་ཚོགས་ཀྱི་གནོད་འགོག་གནོད་སེལ་འདུ་ཤེས་དང་འཕྲལ་བསྟུན་ཉེན་གཡོལ་ནུས་པ་སྔར་ལས་ཇེ་མཐོར་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།