མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་སི་ཁྲོན་དང་མགོ་ལོག་མཉམ་ལས་ཀྱི་གན་རྒྱ་འཇོག་པའི་བྱེད་སྒོ་སྤེལ།
2025.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གཉིས་ཀྱི་རིག་གནས་ཡུལ་སྐོར་བརྗེ་རེས་མཉམ་ལས་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔར་ལས་ཁྱབ་ཆེར་གཏོང་ཆེད། ན་ནིང་ནས་བཟུང་ཐེངས་མང་པོར་མཐུན་སྦྱོར་དང་། མགོ་ལོག་མཐོང་བ་ཀུན་སྨོན། ཁྱད་མཚར་ཞིང་ཁམས་འགྲིམས་པ་ཞེས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་། སི་ཁྲོན་དང་མགོ་ལོག་གི་ཐོན་ཁུངས་མཉམ་སྤྱོད་དང་། རིག་གནས་ཡུལ་སྐོར་མཉམ་ལས་མཉམ་རྒྱལ་བརྗོད་དོན་ཡིན་པའི་གན་རྒྱ་འཇོག་པའི་བྱེད་སྒོ་དེ2025ལོའི་ཟླ4པར་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཏུང་ཏ་མིན་ཡུས་ཧའོ་ཡ་གསོལ་ཁང་གི་ཧོན་ཧྭ་ཚོམས་ཆེན་དུ་བསྡུས། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གུང་མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་མཛད་ཅིང་། ཀྲུང་གུང་མགོ་ལོག་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། གེ་སེར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་གཞུང་སྒྲུབ་ཁང་བཅས་ཀྱིས་འགན་སྒྲུབ་བྱས་ཤིང་། རྒྱལ་ཁབ་འཕྲིན་བཅར་མཚོ་སྔོན་མགོ་ལོག་ཡུལ་སྐོར་ཁང་ཚད་ཡོད་ཀུང་སིས་གཞོགས་འདེགས་བྱས་པ་དང་། ཁྲིན་ཏུའུ་རིག་གནས་ཡུལ་སྐོར་ཅུའུ་དང་ཡུལ་སྐོར་ཁང་མཐུན་ཚོགས་སོགས་སྡེ་ཁག་གི་རྒྱབ་སྐྱོར་འོག སི་ཁྲོན་དང་མཚོ་སྔོན་ནས་ཡིན་པའི་རིག་གནས་ཡུལ་སྐོར་ཁེ་ལས་དང་། ཡུལ་སྐོར་ཁང་། སྨྱན་བྱད་ཀྱི་འཐུས་མི་སོགས་མི་བརྒྱ་ཙམ་བྱེད་སྒོར་ཞུགས་ཡོད།

འོས་སྦྱོར་ཚོགས་འདུ་ལས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་བརྙན་ཐུང་སྟོན་པ་དང་། རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་པ། ཤུལ་བཞག་རིག་གནས་འགྲེམ་སྟོན། ཁྱད་ལྡན་གླུ་གར་འཁྲབ་སྟོན། ཁྱད་ལྡན་ཟས་རིགས་དང་རིག་གནས་གསར་སྤེལ་བརྩམས་ཆོས་འགྲེམ་སྟོན་སོགས་ཀྱི་རྣམ་པས་ཕྱོགས་སོ་སོ་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རང་བྱུང་གི་མཛེས་ཉམས་དང་། དམངས་སྲོལ་རིག་གནས། མི་ཆོས་རིག་གནས་ཀྱི་མཛེས་པ་བཅས་ཡོངས་སུ་མངོན་པར་བྱས། སྟོང་རི་མཚོ་ནག ཡོན་པོའི་བྲག་དཀར་སོགས་གནས་རི་དང་ལྷ་མཚོའི་སྐྱེ་ཁམས་ཡུལ་སྐོར་ཁུལ་གྱི་བརྗིད་ཆགས་པའི་མཛེས་ལྗོངས་དང་། འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས་གེ་སེར་རྒྱལ་པོའི་སྒྲུང་དང་། བོད་ཀྱི་ཐང་ཀ རྡོ་བརྐོས་སྒྱུ་རྩལ་སོགས་གེ་སེར་རིག་གནས་ཡུལ་སྐོར། དམར་དམག་རྒྱང་སྐྱོད་ཀྱི་མགོ་ལོག་ས་ཁུལ་གྱི་དམར་པོའི་མཛད་རྗེས་འཚོལ་ཞིབ་ཀྱི་ཡུལ་སྐོར། མཐོ་སྒང་གི་ཕྱུགས་ར་དང་། བོད་ཀྱི་ཁང་བ། སྐར་མའི་སྒར་ས་སོགས་མཐོ་སྒང་གི་ཁྱད་མཚར་ཞིང་ཁམས་རང་གིས་རླངས་འཁོར་སྐོར་ནས་ཉམས་ལེན་བྱེད་པ་སོགས་གཙོར་བཟུང་ནས་འོས་སྦྱོར་བྱས།

བྱེད་སྒོའི་ཡུལ་དངོས་སུ། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཡུལ་སྐོར་ཁང་སོ་སོས་ཁྲིན་ཏུའུ་ཡུལ་སྐོར་ཁང་མཐུན་ཚོགས་དང་། རིག་གནས་ཡུལ་སྐོར་ཁེ་ལས་སོགས་ཁེ་ལས་མཐུན་ཚོགས་བདུན་ཅུ་ལྷག་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱིས་མགྲོན་པོ་སྐྱེལ་བསུ་དང་། ལམ་ཐིག་མཉམ་བསྐྲུན། དྲིལ་སྒྲོག་ཁྱབ་སྤེལ། རིག་གནས་ཡུལ་སྐོར་དངུལ་གཏོང་སོགས་ཁྱབ་ཁོངས་ནས་མཉམ་ལས་གཏིང་ཟབ་བྱས་ཏེ། ཁྲིན་ཏུའུ་དང་མགོ་ལོག་གི་ཡུལ་སྐོར་ལམ་ཐིག་གྲགས་ཅན་ཞིག་མཉམ་དུ་བསྐྲུན་ནས། ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཅིན་ཧྭ་ཡིས་བཤད་རྒྱུར། མགོ་ལོག་ནི་ཀྲུང་ཧྭའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གདོད་མའི་སྐྱེ་ཁམས་ཀྱི་མཐོ་སྒང་རྣམ་པ་དང་ཁྱད་དུ་འཕགས་པའི་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་མང་པོ་འདུས་ས་ཞིག་ཡིན། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་བརྒྱུད་དེ། སི་ཁྲོན་གྱི་གྲོགས་པོ་མང་པོས་མགོ་ལོག་ལ་རྒྱུས་ལོན་དང་། མགོ་ལོག་ཏུ་ཡོང་ནས། ས་གནས་གཉིས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་། མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར། ཁྲིན་ཏུའུ་ཡུལ་སྐོར་ལས་རིགས་ཀྱི་འཐུས་མི་ཁྲིན་ཧུང་གིས་བཤད་རྒྱུར། ཁྲིན་ཏུའུ་དེ་ནུབ་རྒྱུད་ཀྱི་མགྲོན་ཁུངས་ཚོང་ར་གལ་ཆེན་ཞིག་ཡིན་པའི་ཆ་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བར་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཁ་གསབ་རང་བཞིན་དྲག་པོ་ལྡན་པས། ཕྱོགས་གཉིས་ཀྱིས་ལག་རྡང་མཉམ་སྦྲེལ་སྒོས་མཐོ་སྒང་དང་ཁྲིན་ཏུའུ། རིག་གནས་དང་སྐྱེ་ཁམས་བཅས་ཀྱི་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྣམ་པ་གསར་བ་ཞིག་མཉམ་བསྐྲུན་བྱེད་དགོས་ཟེར།

ཐེངས་འདིའི་འོས་སྦྱོར་ཚོགས་འདུས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ལོག་དང་སི་ཁྲོན་གྱི་རིག་གནས་ཡུལ་སྐོར་མཉམ་ལས་བྱ་བ་རིམ་པ་གསར་བར་སླེབས་པ་མཚོན་ཡོད། གོ་རིམ་རྗེས་མར། ས་གནས་གཉིས་ཀྱི་ཚོང་རྟགས་གྲགས་ཅན་མཉམ་བསྐྲུན་དང་། ཚོང་ར་མཉམ་སྤེལ། འཇོན་མི་བརྗེ་རེས་སོགས་ཕྱོགས་ལ་མུ་མཐུད་ཤུགས་འདོན་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པར་རོགས་ཤུགས་འདོན་རྒྱུ། དུས་མཉམ་དུ་ཁྲིན་ཏུའུ་ཡི་ཡུལ་སྐོར་པ་རྣམས་ལ་སྤུས་ལེགས་ཀྱི་མཐོ་སྒང་ཡུལ་སྐོར་གདམ་ཀ་སྔར་ལས་མང་པོ་འདོན་སྤྲོད་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།