ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་སྒྲུབ་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ཆེན་ཡིད་རྟོན་འགན་ལེན་སྡེ་ཚོགས་བཅས་དང་མཉམ་དུ་དངུལ་རྩའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་བར་རོགས་ཤུགས་འདོན་ཞེས་པའི་དམངས་གཉེར་དཔལ་འབྱོར་དངུལ་རྩའི་སྦྲེལ་མཐུད་ཚོགས་འདུ་བསྡུས་ནས། དངུལ་ཁང་ལས་ཁུངས་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ་དང་ཞིང་ཆེན་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་པ་ཁ་ཤས་ཀྱི་འཐུས་ཚབ་པ་ཉིས་བརྒྱ་ལྷག་ཚོགས་འདུར་ཞུགས།
ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་རིགས་ཀྱིས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། དངུལ་རྩས་དམངས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་། ཁེ་ལས་འབྲིང་ཆུང་གི་འཁོར་རྒྱུག་མ་དངུལ་བསྐྱི་བའི་སྲིད་ཇུས། མཚོ་སྔོན་ཡིད་རྟོན་དངུལ་རྩའི་སྟེགས་བུའི་སྲིད་ཇུས། དམངས་གཉེར་ཁེ་ལས་ཀྱི་དངུལ་རྩའི་འགན་ལེན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཅས་ལ་འགྲེལ་བཤད་ཟབ་མོ་བྱས།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་སྒྲུབ་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་ཀྱིས་དངུལ་ཁང་ལས་རིགས་དངུལ་རྩའི་ལས་རིགས་ཀྱིས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ་བཏོན་པ་དང་། དངུལ་ཁང་ལས་རིགས་དངུལ་རྩའི་ལས་ཁུངས་ཀྱིས་གནད་འཁེལ་གྱི་དངུལ་རྩའི་རྒྱབ་སྐྱོར་དང་གསར་གཏོད་ཀྱི་ཞབས་ཞུའི་རྣམ་པ། དངོས་གཉེར་གྱི་འགུལ་སྐྱོད་བྱེད་ཐབས་བཅས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་ནུས་ཤུགས་སྣོན་དགོས། ཞིང་ཆེན་གྱི་དངུལ་ཁང་དངུལ་རྩའི་ལས་ཁུངས་སོ་སོས་དམངས་གཉེར་ཁེ་ལས་ཀྱི་དངུལ་རྩའི་དགོས་མཁོ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བཞི་དུང་ཕྱུར་གཉིས་དང་བྱེ་བ་བཞི་ཡོངས་བསྒྲགས་འོས་སྦྱོར་བྱས། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་ལས་ཁུངས་དང་དམངས་གཉེར་ཁེ་ལས་ཁ་ཤས་ཀྱིས་དངུལ་རྩའི་མོས་མཐུན་གྲོས་ཆོད་བཀོད་པ་དང་། རྒྱབ་སྐྱོར་ཁྱབ་ཁོངས་དེ་རོང་འབྲོག་ལས་རིགས་དང་། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་མི་འདྲ་བར་ཁེབས་ཤིང་། དངུལ་རྩའི་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་ལྷག་དངོས་འབེབས་བྱས་པ་དང་། མོས་མཐུན་དངུལ་རྩའི་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་ལྷག་ལ་སླེབས།
ཚོགས་འདུ་ལས་བསྟན་དོན། དམངས་གཉེར་དཔལ་འབྱོར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གཙོ་བོ་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྲིད་གཞུང་དང་དངུལ་ཁང་ཁེ་ལས་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་འདྲིས་མཐུན་སྦྱོར་རྐྱེན་སྲོལ་སྔར་ལས་འཐུས་ཚང་འཛུགས་པ་དང་། དུས་བཅད་ལྟར་སྦྲེལ་མཐུད་བྱ་འགུལ་སྤེལ་ནས། ཁེ་ལས་ཀྱི་དངུལ་རྩའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་དུས་ལྟར་ཐག་གཅོད་བྱེད་དགོས། དུས་ཐོག་ཏུ་ཁེ་ལས་ཀྱི་དངུལ་རྩའི་དགོས་མཁོ་གསལ་ཐོ་བཟོ་བ་དང་། གཅིག་གཏད་གཅིག་གི་གནད་འཁེལ་ཞབས་ཞུ་སྤེལ་བ། དངུལ་རྩའི་སྲིད་ཇུས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དངུལ་རྩ་མཐོ་བ་དང་དངུལ་རྩ་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དངུལ་རྩའི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྲིད་གཞུང་སྡེ་ཁག་གིས་རང་འགུལ་སྒོས་དངུལ་རྩའི་ལས་ཁུངས་དང་དམངས་གཉེར་ཁེ་ལས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། མཉམ་ལས་སྟེགས་བུ་བསྐྲུན་པ་དང་དངུལ་རྩའི་སྐྱེ་ཁམས་ལེགས་སྒྱུར་བྱེད་པ། ཁོར་སྲུང་བ་བཟང་པོ་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། ཞབས་ཞུ་བ་བཟང་པོ་བྱེད་པ། དངུལ་རྩའི་ལས་ཁུངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་སྤྲོད་དང་བུན་གཏོང་སྲིད་ཇུས་ངོ་སྤྲོད་ཡག་པོ་བྱས་ཏེ། ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་དགོས། དངུལ་རྩའི་ལས་ཁུངས་སོ་སོས་ཞབས་ཞུ་ལེགས་སྒྱུར་དང་གསར་གཏོད་བྱེད་ཕོད་པར་བྱས་ཏེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། ལྗང་མདོག་རྩིས་གློག་དང་གཞི་གྲངས་ཆེན་མོ་བེད་སྤྱོད། སྐྱེ་དངོས་ཚན་རྩལ་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཁྱབ་ཁོངས་ལ་དམིགས་ནས། དགོས་མཁོ་དང་ཁྱད་ཆོས་ལ་འཚམ་པའི་དངུལ་རྩའི་ཐོན་རྫས་གསར་སྐྲུན་བྱེད་པ་དང་། དངུལ་རྩའི་ཐོན་ཁུངས་སྔར་ལས་མང་པོ་ལས་རིགས་གཙོ་བོ་དང་ཁེ་ལས་འབྲིང་ཆུང་ལ་བཀོད་སྒྲིག་བྱས་ཏེ། དམངས་གཉེར་ཁེ་ལས་སྔར་ལས་མང་པོའི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་རང་འགུལ་གྱི་སྤྱོད་ཚུལ་ལ་བརྟེན་ནས། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་དངུལ་རྩའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དམ་འཛིན་བྱེད་པ་དང་། གོ་སྐབས་དམ་འཛིན་དང་རང་འགུལ་སྦྲེལ་མཐུད་བྱས་ནས། དངུལ་རྩའི་མཉམ་ལས་བརྩོན་ལེན་བྱེད་དགོས། ཚོང་གཉེར་བྱ་སྤྱོད་སྔར་ལས་ཚད་ལྡན་ཏུ་གཏོང་བ་དང་། ཡིད་རྟོན་ཕེར་བར་བྱེད་པ་དང་ཡིད་རྟོན་ཇེ་དྲག་ཏུ་བཏང་སྟེ། ཁེ་ལས་ཀྱི་ཡིད་རྟོན་རིམ་པ་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། དངུལ་རྩའི་ལས་ཁུངས་ཀྱི་ཡུན་རིང་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།