2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་ཐད་ཀྱི་འཕྲལ་བསྟུན་འཁྲབ་སྦྱོང་བྱ་འགུལ་སྤེལ།
2025.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་ཐད་ཀྱི་ཕྱོགས་བསྡུས་འཕྲལ་བསྟུན་འཁྲབ་སྦྱོང་བྱ་འགུལ་ཟི་ལིང་དུ་སྤེལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག རིག་གནས་ཡུལ་སྐོར་ཁེ་ལས་སོགས་ཀྱི་འཐུས་མི་བརྒྱ་ལྷག་གིས་ཡུལ་དངོས་ནས་ལྟ་ཞིབ་བྱས།

ཐེངས་འདིའི་འཁྲབ་སྦྱོང་བྱ་འགུལ་གྱིས་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་དང་། ཚོགས་ཁག་རང་བཞིན་གྱི་དོན་དག་མྱུར་དུ་ཐག་གཅོད་པ། ཡུལ་སྐོར་བའི་སེམས་ཁམས་གསོ་བ་དང་ཡུལ་སྐོར་བ་དབྱེ་བགར། མི་སྣ་འདུ་འཛི་ཆེ་སར་མེ་བཀོལ་བ་དང་། མེ་སྐྱོན་རོགས་སྐྱོབ་དང་མེ་སྐྱོན་བྱུང་ཡུལ་གྱི་མི་སྣ་འཚོལ་སྐྱོབ། འཇིགས་སྐུལ་ངོ་རྒོལ་ཐག་གཅོད་སོགས་རྨང་གཞིའི་ནང་དོན་དྲུག་དང་ཟུང་འབྲེལ་གྱིས། ཡུལ་དངོས་དང་དངོས་འཐབ། ལས་རིགས་བཅས་ཀྱི་རྣམ་པར་བརྟེན་ནས། ལད་བཟོས་རྟེན་མཛོད་ཁང་གི་དྲ་ལམ་སྔོན་འབྲེལ་མ་ལག་ལ་དྲ་རྒྱའི་ནད་དུག་གི་འཇབ་རྒོལ་ཐེབས་པ་ལས་སྔོན་འབྲེལ་མ་ལག་ལ་བཀག་རྒྱ་ཐེབས་ནས་ཡུལ་སྐོར་བའི་སེམས་ཁམས་ཟང་ཟིང་དུ་གྱུར་བའི་ཡུལ་རྣམ་ལ་བརྒྱུད་རིམ་ཧྲིལ་བོའི་དངོས་འཐབ་རང་བཞིན་གྱི་འཁྲབ་སྦྱོང་བྱ་བ་སྤེལ། དེ་ནི་རིག་གནས་ཡུལ་སྐོར་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཉམས་ལེན་ཐེངས་ཤིག་ཡིན་ལ། ནང་དོན་ཕུན་སུམ་ཚོགས་ལ་དོན་དངོས་དང་དམ་དུ་སྦྲེལ་ཞིང་། དོན་ཚན་ཆ་ཚང་བ་དང་ལས་རིམ་ལ་བྱང་ཆ་ལྡན་པ། མཉམ་སྒུལ་དམ་ཟབ་བཅས་ཡིན་ཅིང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་སྒོ་ནས་གཏན་འཁེལ་འཁྲབ་སྦྱོང་ཚན་པ་ཡོངས་འགྲུབ་བྱས་ཏེ། འཁྲབ་སྦྱོང་ལ་ཞུགས་མཁན་དང་ལྟ་ཞིབ་མི་སྣར་ཐོལ་བྱུང་དོན་རྐྱེན་གྱི་དངོས་འཐབ་རང་བཞིན་གྱི་ཁ་གཏད་ཐག་གཅོད་བྱེད་ཐབས་ཤེས་སུ་བཅུག་ནས་སྔོན་དཔག་གི་གྲུབ་འབྲས་བླངས།

ཉེ་བའི་ལོ་འདི་འགར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་བདེ་འཇགས་ཐོན་སྐྱེད་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེན་ཁ་འགོག་སྲུང་ཤུགས་དྲག་ཏུ་བཏང་ཞིང་། འཕྲལ་བསྟུན་ཐག་གཅོད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ཀྱང་། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་བྱ་བར་འཕྲད་པའི་ཉེན་ཁ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། སྤྱིའི་འཕྲལ་བསྟུན་ནུས་པ་དང་ཆུ་ཚད་མུ་མཐུད་མཐོར་འདེགས་གཏོང་དགོས།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཐེངས་འདིའི་འཁྲབ་སྦྱོང་བྱ་འགུལ་གོ་སྐབས་སུ་བརྩིས་ཏེ། འབུར་ཐོན་གནད་དོན་དང་ཉམ་ཞན་གོ་རིམ་དམིགས་སུ་བཟུང་ནས། ཁེ་ལས་ཀྱི་བདེ་འཇགས་རང་བཤེར་དང་རང་རྟོགས་སྒོས་སེལ་བའི་ལས་དོན་ཞིབ་ཚགས་མིན་པ་དང་། མངོན་མེད་ཉེན་ཁ་ཞིབ་བཤེར་བྱས་པ་མི་ལེགས་པ། རྒྱུ་རྐྱེན་ཡང་དག་མི་ཤེས་པ། ཁ་གཏད་སྲིད་ཇུས་འདོན་མི་ཐུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་པར་ཤུགས་འདོན་པ་དང་། ཉེན་ཁའི་འགོག་རྐྱེན་སྣ་ཚོགས་ཐོག་མ་ནས་མེད་པར་བཟོ་བ་དང་། དོན་རྐྱེན་མ་བྱུང་སྔོན་དུ་མཐའ་གཅིག་ཏུ་སེལ་ཐུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་གནས་བབ་རྒྱུན་མཐུད་ངང་བརྟན་པོ་ཡོང་བར་ཁག་ཐེག་བྱ་དགོས་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།