གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། སྔོན་དཔག་བྱས་ན་ཟླ5པའི་ཚེས3ཉིན་གྱི་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ལས་བརྒལ་བ་དང་། དུས་མཉམ་ལས3.9%འཕར་ཡོད། དེའི་ཁྲོད། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་བརྒྱད་སྐྱེལ་རྒྱུ་ཡིན་པ་དང་། འགྲུལ་སྐྱེལ་མེ་འཁོར1563ཁ་སྣོན་བྱས་ཏེ་གཏོང་རྩིས་ཡོད། འགྲུལ་བ་ཆེས་མང་པོའི་དུས་སྐབས་སུ། ལྕགས་ལམ་སྡེ་ཁག་གིས་བདེ་འཇགས་ཞིབ་བཤེར་དང་། སྤ་སེ་བཤེར་བ། གློག་སྐས་སོགས་འགག་རྩའི་གནས་སུ་ཡུལ་དངོས་ཞབས་ཞུའི་ཁྲིད་སྟོན་ལ་ཤུགས་བསྣན་ནས། འགྲུལ་པ་མེ་འཁོར་དུ་སྡོད་པ་དང་འབབ་པའི་འཁོར་རྒྱུག་ཇེ་ལེགས་སུ་བཏང་བ་དང་ཆབས་ཅིག གྲོང་སྲིད་འགྲིམ་འགྲུལ་སྡེ་ཁག་དང་མཐུན་སྦྱོར་མཉམ་འགུལ་བྱས་ནས་མགྱོགས་མྱུར་སྒོས་འགྲུལ་པ་ནུས་མཐོའི་ངང་ཁ་འགྲེམ་བྱེད་དུ་འཇུག་དགོས།
གཞུང་ལམ་ཐད་མི་སྣའི་འཁོར་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་དང་བྱེ་བ་ལྔ་ལས་བརྒལ་བ་དང་། ཐག་རིང་དང་ཐག་ཉེ་ཡི་རླངས་འཁོར་རྒྱུག་ཚད་གཅིག་འདྲེས་བྱས་ཡོད། ཡུལ་སྐོར་གྲོང་ཁྱེར་སྐོར་ཞིག་གི་ཉེ་འཁོར་གྱི་མྱུར་བགྲོད་གཞུང་ལམ་དང་དེ་མིན་དར་ཁྱབ་ཆེ་བའི་མཛེས་ལྗོངས་ཁུལ་དུ་སྐྱོད་པའི་མྱུར་བགྲོད་ལམ་གྱི་རླངས་འཁོར་གྱི་ཚད་ཅུང་མང་བས། རླངས་འཁོར་ཁ་ལོ་བས་ཕྱིར་སྐྱོད་ཀྱི་སྔོན་ལ་ལམ་གྱི་གནས་ཚུལ་ཆ་འཕྲིན་དང་གནམ་གཤིས་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། བདེ་འཇགས་ངང་རླངས་འཁོར་སྐོར་བར་འགན་ལེན་བྱེད་དགོས།
ཆུའི་སྟེང་གི་ཡུལ་སྐོར་གྱི་ཚ་ཚད་ཆེ་རུ་ཕྱིན་པ་དང་ཆབས་ཅིག ཆུ་ལམ་འགྲུལ་སྐྱེལ་བྱེད་ཚད་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཟླ་ལྔ་པའི་ཚེས་གསུམ་ཉིན་སྔོན་དཔག་བྱས་ན་མི་ཐེངས་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་ཟིན་ཡོད། མཚོ་དོན་སྡེ་ཁག་གིས་གཙོ་གནད་ཆུ་ཁོངས་སུ་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་བྱས་ནས་གྲུ་གཟིངས་ཀྱི་མཚོ་སྐྱོད་ཚད་ལྡན་དང་གོ་རིམ་ལྡན་པར་ཁག་ཐེག་བྱས།
དམངས་སྤྱོད་མཁའ་འགྲུལ་ཐད་ཟླ་ལྔ་པའི་ཚེས་གསུམ་ཉིན་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ས་ཡ་གཉིས་དང་ཁྲི་བརྒྱད་སྐྱེལ་རྒྱུ་རེད། གུང་གསེང་སྔོན་གྱི་ཉིན་གསུམ་རིང་སྔོན་དཔག་བྱས་ན་ཉིན་རེ་འགྲུལ་པ་མི་ཐེངས་ས་ཡ་གཉིས་དང་འབུམ་གཅིག་ཁྲི་དགུ་སྐྱེལ་བ་དང་། དེ2024ལོའི་དུས་མཉམ་ལས12.3%འཕར་ཡོད།
ཤ་བོ་རིན་མཚོས་བསྒྱུར།